༄༅། །འདི་ལོར་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་གྱི་ཆ་ཤས་སུ་འདི་ག་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་དང་མཐུན་འགྱུར་འོག་ཐ་སྙད་ཚོགས་ཆུང་ཟུར་འཛུགས་ཡོད་པའི་སློབ་ཁག་ཉི་ཤུའི་ནང་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཅེས་པའི་འགོ་བརྗོད་འོག་འདི་ནས་གཏན་འབེབས་ཟིན་པའི་རིག་གསར་གྱི་ཐ་སྙད་ཁོངས་ནས་ཐ་སྙད་འདྲི་རྩད་ཅིག་གོ་སྒྲིག་ཐུབ་སླད་སློབ་ཁག་རེར་ཧིན་སྒོར་ ༢༥༠༠ རེ་མཐུན་འགྱུར་ཞུ་རྒྱུ་ཐག་གཅོད་བྱུང་ལྟར། དེ་དོན་སློབ་ཁག་སོ་སོའི་ཐ་སྙད་ཚོགས་ཆུང་ལ་ཞབས་སྐུལ་ཞུས་པར་རྡ་སྟེང་བོད་ཁྱིམ་དང་། གོ་པལ་པུར་བོད་ཁྱིམ། སུ་ཇ་བོད་ཁྱིམ་བཅས་བོད་ཁྱིམ་སློབ་ཁག་གསུམ་ནང་ལས་བྲེལ་གྱི་དབང་གིས་ཐ་སྙད་འདྲི་རྩད་གོ་སྒྲིག་ཐུབ་མེད་པ་ཕུད། དེ་མིན་སློབ་ཁག་བཅུ་བདུན་ནང་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད།
དེ་ཡང་སྦེལ་ཀོབ་བོད་ཁྱིམ་དུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༤ ཉིན་གྱི་རེས་གཟའ་སྤེན་པའི་ཚོགས་ཐེངས་དྲུག་པ་དང་བདུན་པའི་སྐབས་དེ་གའི་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་གྱི་སྡེ་ཚན་དང་། འཛིན་རིམ་དགུ་པ་དང་བཅུ་པའི་བར་གྱི་སྡེ་ཚན་བཅས་སྡེ་ཚན་གཉིས་དབར་དང་། ཕྱི་ཚེས་ ༦ རེས་གཟའ་ཟླ་བའི་ཉིན་རྒྱབ་ཏུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སྡེ་ཚན་གཉིས་དབར་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།


ལ་དྭགས་བོད་ཁྱིམ་དུ་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཆེན་དང་ལ་དྭགས་བོད་ཁྱིམ་གྱི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་སྟོན་དང་སྟབས་བསྟུན་ཏེ་དེ་ཉིན་དེ་གའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཡོངས་མཉམ་ཞུགས་ཀྱི་ཐོག་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་སྦེལ་ཀོབ་བདེ་སླར་ས་གནས་སུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ་ཏུ་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་སྡེ་ཚན་བཞི་རུ་དབྱེ་སྟེ་འཛིན་རིམ་དང་པོ་ནས་ལྔ་པ་བར་ལ་ཐ་སྙད་བརྒྱ་ལྷག་ཙམ་དང་། འཛིན་རིམ་དྲུག་པ་ནས་བཅུ་བར་ལ་ཐ་སྙད་ཉིས་བརྒྱ་ལྷག་ཙམ་ཞིག་བློ་འཛིན་སླད་སྔོན་ཚུད་ནས་ཟུར་འབུལ་ཞུས་ཡོད་པ་ལྟར་ཁྱོན་ཐ་སྙད་གྲངས་ ༣༠༠ ལྷག་ཙམ་ཞིག་ལ་འདྲི་རྩད་ཀྱི་ལམ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


མ་སུ་རི་བོད་ཁྱིམ་དུ་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་དེ་གའི་གཞི་རིམ་འོག་མའི་སློབ་ཕྲུག་རྣམས་ལ་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་གོ་སྒྲིག་ཞུས་ཡོད་ཅིང་། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོའི་འདུ་འཛོམས་སྐབས་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་རྣམས་ལ་འདྲི་རྩད་ཀྱི་བྱེད་སྒོ་གོ་སྒྲིག་ཞུས་པའི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྡོ་རྗེ་གླིང་སཾ་བྷོ་ཊ་གཏན་སློབ་ཏུ་དེ་གའི་འཛིན་རིམ་དང་པོ་ནས་བཅུ་པའི་བར་གྱི་སློབ་ཕྲུག་རྣམས་མཉམ་ཞུགས་ཀྱི་ཐོག་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་གུ་པུ་ར་ཉིན་སློབ་ཏུ་འདྲི་རྩད་ཞུ་རྒྱུའི་ཐ་སྙད་རྣམས་སྔོན་ཚུད་ནས་འགྲེམས་བསྒྲགས་ཞུས་ཟིན་པ་བཞིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་དེ་གའི་འཛིན་རིམ་གསུམ་པ་དང་བཅུ་པ་བར་གྱི་སློབ་ཕྲུག་ཁྲོད་ཤོག་རྒྱན་གྱི་ལམ་ནས་སློབ་ཕྲུག་ལྔ་བཅུ་ང་གཉིས་འདེམས་སྒྲུག་ཞུས་ཏེ་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་རུ་རྒྱུན་དུ་སློབ་ཕྲུག་གི་ཁྲོད་སྦྲགས་སྐད་ཀྱི་ཚུལ་དུ་སྤྱོད་བཞིན་པའི་ཐ་སྙད་རྣམས་ཕྱོགས་བསྒྲིགས་ཀྱིས་དེ་གའི་འཛིན་རིམ་བཞི་པ་དང་བརྒྱད་པ་བར་འཛིན་རིམ་རེ་ནས་དང་བླངས་འཐུས་མི་བུ་གཉིས་དང་བུ་གཉིས་རེ་འདེམས་སྒྲུག་ཞུས་ཏེ་ཁྱོན་སློབ་ཕྲུག་ཉི་ཤུ་ཡོད་པ་རྣམས་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་དེ་གའི་ཚོགས་ཁང་དུ་བྱམས་བརྩེ་དང་། གཞན་ཕན། མཐུན་སྒྲིལ། སྙིང་རྗེ་ཞེས་སྡེ་ཚན་བཞི་རུ་ཕྱེ་སྟེ་དགེ་ལས་སློབ་ཕྲུག་ཡོངས་ལྷན་འཛོམས་ཀྱི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


སཾ་བྷོ་ཊ་ཌོ་ལན་ཇི་ཉིན་སློབ་ཏུ་བོད་དགེ་རྣམས་ནས་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་འདྲི་རྩད་ཞུ་རྒྱུ་ཐ་སྙད་རྣམས་ངོ་སྤྲོད་ཞུས་ཡོད་པ་བཞིན་ཕྱི་ཟླ་ ༡༡ ཚེས་ ༡ དང་། ༣། ༨། བཅས་སོ་སོར་སྔ་དྲོའི་འདུ་འཛོམས་སྐབས་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཕྲུག་རྣམས་ལ་ཐ་སྙད་འདྲི་རྩད་ཞུས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༣ དང་ ༤ ཉིན་གྱི་སྔོ་དྲའི་འདུ་འཛོམས་སྐབས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་ཐ་སྙད་འདྲི་རྩད་ཞུས་པའི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཀོ་ལི་གྷལ་སཾ་བྷོ་ཊ་བོད་མིའི་སློབ་གྲྭར་འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་ཕྲུག་རྣམས་རྣམས་ལ་པར་རིས་སྦྲགས་མའི་ཐ་སྙད་གྲངས་བརྒྱད་ཅུ་གྱ་ལྔ་དང་། འཛིན་རིམ་བཞི་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ལ་ཨིན་བོད་ཤན་སྦྱིར་གྱི་ཐ་སྙད་གྲངས་བརྒྱ་དང་ལྔ་སྔོན་ཚུད་ནས་ཁུངས་འགྲེམས་ཞུས་ཡོད་པ་ལྟར་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་འཛིན་གྲྭ་ནང་ཁུལ་ཐ་སྙད་འདྲི་རྩད་ཞུས་ཏེ་འཛིན་གྲྭ་རེ་ནས་རྩེ་ཕུད་སློབ་ཕྲུག་ལྔ་རེ་འདེམས་སྒྲུག་ཞུས་ཏེ། ཕྱི་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་རྒྱབ་སློབ་གྲྭའི་ཚོགས་ཁང་དུ་བདམས་ཐོན་རྩེ་ཕུད་སློབ་ཕྲུག་དབར་ཐ་སྙད་འདྲི་རྩད་ཀྱི་ལམ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


མོན་གྷོ་སཾ་བྷོ་གཏན་ཉིན་སློབ་གྲྭའི་འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་གྱི་སློབ་ཕྲུག་རྣམས་ལ་འདྲི་རྩད་ཞུ་རྒྱུའི་ཐ་སྙད་རྣམས་སྔོན་ཚུད་ནས་ཁུངས་འགྲེམས་ཞུས་ཡོད་པ་བཞིན་ཡིག་རྒྱུགས་ཀྱི་ལམ་ནས་འཛིན་གྲྭ་རེ་ནས་རྩེ་ཕུད་སློབ་ཕྲུག་གསུམ་རེ་འདེམས་སྒྲུག་གིས་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བདམས་ཐོན་རྩེད་ཕུད་སློབ་ཕྲུག་རྣམས་ཀྱི་དབར་ཐ་སྙད་འདྲི་རྩད་ཀྱི་ལམ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༧ ཉིན་མེའོ་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭར་འཛིན་རིམ་བཞི་པ་ནས་བརྒྱད་པའི་བར་གྱི་སློབ་ཕྲུག་དང་འབྲེལ་ཡོད་དགེ་རྒན་ཡོངས་རྫོགས་སྡེ་ཚན་དྲུག་ཏུ་ཆ་བགོས་ཀྱི་སྡེ་ཚན་རེར་ཐ་སྙད་དྲི་བ་བཅོ་ལྔ་རེ་བྱས་ཏེ་ཁྱོན་ཐ་སྙད་གྲངས་དགུ་བཅུ་འདྲི་རྩད་ལམ་ནས་ཀྱི་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་སུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ་ཏུ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དེ་གའི་འཛིན་གྲྭ་རེ་ནས་འདྲི་རྩད་ནང་ཆ་ཤས་ལེན་མཁན་སློབ་ཕྲུག་བརྒྱད་རེ་འདེམས་སྒྲུག་གིས་ཐ་སྙད་འདྲི་རྩད་ཞུས་ཡོད་ཅིང་། ཆ་ཤས་ལེན་མཁན་སློབ་ཕྲུག་ནས་ལན་འདེབས་མ་ཐུབ་པའི་ཐ་སྙད་རྣམས་གཤམ་འཁོད་དགེ་སློབ་སྤྱི་ཡོངས་ནས་ལན་འདེབས་ཞུས་པ་བཅས་ཀྱི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


སེ་ལ་ཀུལ་བོད་ཁྱིམ་དུ་རྒྱུན་མཁོའི་ཐ་སྙད་འདྲ་མིན་ཁྱོན་ཤོག་ངོས་ལྔ་བཅུ་ཙམ་ཕྱོགས་བསྒྲིགས་ཞུས་ཏེ་ཐ་སྙད་རྣམས་ཤོག་ཏུ་པར་སློག་བརྒྱབ་ནས་དེ་གའི་ཁང་ཚན་བཞིའི་རྒན་བདག་རྣམས་བརྒྱུད་དེ་སློབ་ཕྲུག་ཡོངས་ལ་འགྲེམས་སྤེལ་ཞུས་ཡོད་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་སྔ་དྲོར་ཁང་ཚན་རེ་ནས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཞི་རེ་འདེམས་སྒྲུག་ཞུས་ཏེ་ཁང་ཚན་སོ་སོའི་འཐུས་མིའི་ཚུལ་དུ་འདྲི་རྩད་དངོས་གཞིའི་ནང་མཉམ་ཞུགས་ཀྱི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


ཅོང་ཏ་ར་བོད་ཁྱིམ་དུ་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཁྲོད་ནས་སློབ་ཕྲུག་ ༤༢ འདེམས་སྒྲུག་ཞུས་ཏེ་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱབ་དེ་གའི་བློ་གཏེར་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག་བོད་དགེ་དྲུག་ནས་སློབ་ཕྲུག་རྣམས་ལ་ཐ་སྙད་འདྲི་རྩད་ཞུས་པའི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


མ་སུ་རི་སཾ་བྷོ་ཊ་གཏན་སློབ་ཏུ་སློབ་ཕྲུག་རྣམས་ལ་སྔོན་ཚུད་འདྲི་རྩད་ཞུ་རྒྱུའི་ཐ་སྙད་རྣམས་ངོ་སྤྲོད་དང་ཐ་སྙད་སོ་སོའི་ངེས་ཚིག་རྣམས་འགྲེལ་བརྗོད་ཞུས་ཏེ་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་དེ་གའི་བོད་ཡིག་སྡེ་ཚན་གྱི་རྒན་ལགས་རྣམས་དང་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ལྷན་འཛོམས་ཀྱི་ཐོག་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་ཏུ་སློབ་ཕྲུག་རྣམས་ལ་འདྲི་རྩད་ཞུ་རྒྱུའི་ཐ་སྙད་རྣམས་སྔོན་ཚུད་ནས་འགྲེམས་བསྒྲགས་ཞུས་ཡོད་པ་བཞིན་ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ཐ་སྙད་འདྲི་རྩད་དངོས་གཞིའི་སྐབས་ཤོག་རྒྱན་གྱི་ལམ་ནས་འཛིན་གྲྭ་རེ་ནས་འཐུས་མི་བུ་རེ་དང་བུ་མོ་རེ་འདེམས་སྒྲུག་གི་སྒོ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད།


དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭ་རུ་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་དེ་གའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་ཕྲུག་རྣམས་སྔོན་ཚུད་ནས་འགྲེམས་བསྒྲགས་ཞུས་ཡོད་པའི་རིག་ཚན་མི་འདྲ་བའི་ཐ་སྙད་ལྔ་བརྒྱ་ལྷག་ཙམ་ཞིག་གི་ཐོག་ལ་འདྲི་རྩད་ཀྱི་ལམ་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཐ་སྙད་འདྲི་རྩད་ཀྱི་བྱེད་སྒོ་སྤེལ་ཡོད། །


