
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༧ ནས་ ༡༩ བར་འདི་ག་ཤེས་རིག་སློབ་ཡོན་ཚན་པའི་ངོས་ནས་རྒྱ་གར་སྡེ་ར་ལྡུན་ཁུལ་གྱི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ལ་དམིགས་པའི་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་ཀྱི་ལས་གཞི་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་དང་། ལས་བྱེད་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་སཾ་བྷོ་ཊ་མ་སུ་རི་དང་། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་ཧར་སྤར་པུར། སེ་ལ་ཀུའི་བོད་ཁྱིམ་བཅས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་བར་གྱི་སློབ་ཕྲུག་ཁྱོན་ ༥༠༠ ལྷག་ཙམ་ལ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་ཡོད།

སྐབས་དེར་སློབ་ཕྲུག་རྣམས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྐོར་དང་འབྲེལ་སློབ་ཡོན་ཕུལ་ཕྱོགས་ཀྱི་ཆ་རྐྱེན་དང་། དྲྭ་ཐོག་སྙན་ཞུ་འབུལ་བའི་རིམ་པ་བཅས་ཀྱི་ཐད་ལམ་སྟོན་གནང་བ་དང་ཆབས་ཅིག་སློབ་མའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཐོབ་མཁན་སློབ་མ་འགའ་ཞིག་གིས་བརྙན་ཐུང་བརྒྱུད་སློབ་ཕྲུག་རྣམས་ལ་སོ་སོའི་ཉམས་མྱོང་དང་འབྲེལ་ནས་ལམ་སྟོན་གནང་ཡོད།
དེ་མཚུངས་མ་འོངས་དེ་ལྟ་བུའི་ལས་རིམ་ཡར་རྒྱས་ཡོང་སླད་སློབ་ཕྲུག་ནས་བསམ་ཚུལ་བསྡུ་རུབ་གནང་ཡོད་པ་དང་། ལས་རིམ་དེ་བཞིན་དེ་སྔོན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སློབ་ཡོན་གྱི་གོ་རྟོགས་སྤེལ་སྐབས་སློབ་ཕྲུག་ཚོས་སློབ་གྲྭ་ཁག་གི་ནང་སློབ་ཡོན་དང་འབྲེལ་བའི་གོ་རྟོགས་སྤེལ་དགོས་པའི་གལ་གནས་སྐོར་བསམ་འཆར་བཏོན་པ་བཞིན་ལས་གཞི་འདི་སྤེལ་བ་ཞིག་ཡིན་པ་རེད།།





