
༄༅། །རྒྱ་གར་གྱི་མདྱ་པྲདེཤ་ (Madhya Pradesh) གྲོང་ཁྱེར་བྷོ་པཱལ་ (Bhopal) དུ་བསྐོང་ཚོགས་གནང་བའི་རྒྱ་གར་རྒྱལ་ཡོངས་ཚན་རིག་དང་ཨང་རྩིས། ཁོར་ཡུག་འགྲེམས་སྟོན་ཐེངས་ ༥༢ པའི་ཐོག་བོད་པའི་སློབ་ཕྲུག་མཉམ་ཞུགས་ཀྱིས་འགྲེམས་གཟུགས་ཁག་ ༥ འགྲེམས་སྟོན་གནང་འདུག
དེ་ཡང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་དང་མདྱ་པྲདེཤ་ (Madhya Pradesh) མངའ་སྡེའི་སློབ་གྲྭའི་ཤེས་ཡོན་ལྷན་ཁང་གཉིས་ཀྱི་གོ་སྒྲིག་འོག བྷོ་པཱལ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་ས་གནས་ཤེས་ཡོན་སྦྱོང་བརྡར་ཁང་དུ་ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༨ ནས་ ༢༣ བར་ཁྱོན་ཉིན་གྲངས་ ༦ རིང་རྒྱ་གར་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་ཐེངས་ ༥༢ པ་དེ་སྐོང་ཚོགས་གནང་ཡོད་པ་དང་། རྒྱལ་ཡོངས་འགྲེམས་སྟོན་འདི་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མོ་ཧོན་ཡ་དྭ་ ( Mohan Yadav) མཆོག་གིས་དབུ་འབྱེད་གནང་འདུག

ཉིན་གྲངས་དྲུག་རིང་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་འདིའི་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། དབུས་རྡུལ་ཕྲན་ནུས་ཤུགས་སློབ་གྲྭ། རྒྱ་གར་དབུས་གཞུང་གི་སློབ་གྲྭ་སོགས་རྒྱ་གར་གྱི་མངའ་སྡེ་དང་དབུས་འཛིན་ཁྱབ་ཁོངས་བཅས་ས་ཁག་ ༣༡ ནས་སློབ་གྲྭ་ ༢༩ ནས་མཉམ་ཞུགས་ཀྱིས་འགྲེམས་གཟུགས་ ༢༤༠ འགྲེམས་སྟོན་གནང་འདུག འདིའི་ཁོངས་ནས་དྷ་སྟེང་བོད་ཁྱིམ་དང་། སེ་ལ་ཀུའི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ་གཏན་སློབ། ཧར་པ་སྤུར་སཾ་བྷོ་ཊ་གཏན་སློབ། མོན་གྷོ་སཾ་བྷོ་གཏན་སློབ་བཅས་ཀྱི་སློབ་མ་མཉམ་ཞུགས་ཀྱིས་ཁྱོན་འགྲེམས་གཟུགས་ལྔ་འགྲེམས་སྟོན་གནང་འདུག

སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་ཚུལ་དུ་བོད་སློབ་རིམ་པའི་ནང་འགྲེམས་སྟོན་བསྐོང་ཚོགས་ཀྱིས། འགྲེམས་གཟུགས་ཁག་ཉེ་ལམ་ཕྱི་ཟླ་ ༧ ནང་བསྐོང་ཚོགས་གནང་བའི་སྐབས་བརྒྱད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ཐོག་གཟིགས་འབུལ་དང་འབྲེལ། འགྲེམས་གཟུགས་ ༡༢ དྲག་འདེམས་ཞུས་ཏེ། རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་ཐོག་འཆར་འབུལ་ཞུས་ཡོད་པ་རེད། འཆར་འབུལ་ཞུས་པའི་འགྲེམས་གཟུགས་འདིའི་ཁོངས་ནས་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ནས་འགྲེམས་གཟུགས་ལྔ་འདེམས་སྒྲུག་གནང་ཡོད་པ་རེད།
ཕྱོགས་མཚུངས་འགྲེམས་སྟོན་འདི་དང་འབྲེལ་ཡང་རྒྱ་གར་གྱི་མངའ་སྡེའི་ཁག་གི་འབྲེལ་མཐུད་པའི་ཚོགས་འདུའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་མཉམ་ཞུགས་ཀྱིས་རྒྱ་གར་གཞུང་དང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ནས་བོད་པའི་སློབ་ཕྲུག་ཚོར་རྒྱལ་ཡོངས་འགྲེམས་སྟོན་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག །








