
༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༨ ནས་ ༢༡ བར་ཉིན་བཞིའི་རིང་ཤེས་རིག་ཚོགས་ཁང་དུ་གཞི་རིམ་འོག་མའི་འཛིན་རིམ་དང་པོའི་ཨང་རྩིས་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་བསྐོང་ཚོགས་གནང་།
དེ་ཡང་གོང་ཚེས་ཉིན་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་ཕ་ཡུལ་རྩོམ་སྒྲིག་པ་ངག་དབང་བསྟན་འཛིན་ལགས་དང་། ཤེས་ཡོན་ཚན་པའི་ལས་བྱེད་བདེ་སྐྱིད་དཔལ་མོ་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས་དང་། རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས། ཅོན་ཏ་ར་བོད་ཁྱིམ་གྱི་གཞི་རིམ་འོག་མའི་རྩིས་དགེ་བསོད་ནམས་ཆོས་སྒྲོན་ལགས། ཤིམ་ལཱ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ལས་ཚབ་པདྨ་རྒྱལ་མཚན་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་རྩིས་དགེ་བསྟན་འཛིན་མཚོ་རྒྱལ་ལགས་དང་། གཞི་རིམ་བར་མའི་རྩིས་དགེ་ཚེ་རིང་མཚམས་གཅོད་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་འོག་མའི་རྩིས་དགེ་བདེ་སྐྱིད་ཆོས་སྒྲོན་ལགས་བཅས་ལྷན་འཛོམས་ཀྱིས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ནང་བསྐྱར་ཞིབ་དང་གཏན་འབེབས་གནང་བའི་གཞི་རིམ་འོག་མའི་ཨང་རྩིས་ཀྱི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་སྒྱུར་སྒྲིག་གནང་བའི་འཛིན་རིམ་དང་པོའི་ཨང་རྩིས་སློབ་དེབ་རགས་ཟིན་གོ་བསྡུར་དང་སྦྱངས་བཤད་ཀྱིས་གཏན་འབེབས་ཞུས་པ་དང་། མཐའ་མའི་ཞུ་དག་གྲུབ་མཚམས་སློབ་དེབ་པར་སྐུན་བྱས་ཏེ་བོད་སློབ་ཁག་ལ་རིན་མེད་འགྲེམས་སྤེལ་གནང་འཆར་འདུག
ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །

