
༄༅། །ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་བོད་ཡིག་སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་ཕྱོགས་ཐོག་དྲྭ་ཐོག་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་ཞུས་ཡོད། བྱང་ཨ་རིར་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཆུང་བསྡོམས་ ༣༦ ཡོད་པ་དང་། དེ་དག་ཁྲོད་གཟའ་མཇུག་སློབ་གྲྭ་གཉེར་མཁན་སྤྱི་མཐུན་ཚོགས་པ་ ༢༤ ཡོད་ཅིང་། ཚེས་ ༢༢ ཉིན་གྱི་ཟབ་སྦྱོང་ལ་ཨ་རིའི་ས་ཁུལ་ལྷོ་ཀ་ལེ་ཕོ་ནི་ཡ། (Southern California) སེ་ཊལ། (Washington Seattle) བྱང་ཀ་ལེ་ཕོ་ནི་ཡ། (Northern California) པོ་ཊི་ལན་ཌ། (Portland) ཝན་ཁུ་ཝ་བྷི་སི། (Vancouver BC) ཁོ་ལོ་རལ་ཊོ། (Colorado) མི་ནི་སོ་ཊ། (Minnesota) བཅས་ནས་གཞི་རིམ་བར་མའི་དགེ་རྒན་ ༢༥ མཉམ་ཞུགས་གནང་ཡོད།

གཞིས་རིམ་བར་མའི་དགེ་རྒན་རྣམས་ལ་ཟབ་ཁྲིད་གནང་མཁན་ནི། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་དྲུང་ཆེ་རྒན་མིང་ཆུང་ལགས་ཡིན་ཞིང་། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་ཟབ་སྦྱོང་ཐེངས་གཉིས་པ་འགོ་འཛུགས་ཀྱི་ངོ་སྤྲོད་མདོར་བསྡུས་གྲུབ་རྗེས། རྒན་མིང་ཆུང་ལགས་ཀྱིས་གཞི་རིམ་བར་མའི་སློབ་ཕྲུག་རྣམས་ལ་སློབ་ཁྲིད་སྐབས། ཀློག་རྩལ་དང་། འབྲི་རྩལ། ཉན་རྩལ། ཤོད་རྩལ། སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་བཅས་ཀྱི་ཐབས་ལམ་ཐོག་ཟབ་ཁྲིད་གནང་བ་དང་། ཟབ་ཁྲིད་ཀྱི་བར་དང་ཟབ་ཁྲིད་ཀྱི་རྗེས་ལ་དགེ་རྒན་ཚོའི་དྲི་བ་ཁག་ལ་ལན་འདེབས་དང་། གསལ་བཤད་འདོད་པ་འཚིམ་པ་གནང་། དུས་ཡུན་ཆུ་ཚོད་གཉིས་ནང་ཚར་བ་བྱེད་རྒྱུའི་ཟབ་སྦྱོང་དེ་ཡང་ཐེངས་དང་པོའི་ཟབ་སྦྱོང་དང་འདྲ་བར་ཆུ་ཚོད་གསུམ་དང་ཕྱེད་ཀ་འགོར། ཟབ་ཁྲིད་གནང་མཁན་དང་། ཟབ་ཁྲིད་ཉན་མཁན་གཉིས་ཀས་དོ་སྣང་ཆེན་པོ་གནང་བ་མ་ཟད། དྲི་བ་དྲི་ལན་དང་དགོངས་ཚུལ་ཡང་བརྗེ་རེས་གནང་།

ཟབ་ཁྲིད་ཐེངས་དང་པོ་དང་གཉིས་པ་གཉིས་ཀར་མཉམ་ཞུགས་གནང་མཁན་དགེ་རྒན་རེ་ཟུང་གིས་བོད་རིགས་འབྲེལ་མཐུད་པར། རྒན་པ་སངས་ཚེ་རིང་ལགས་དང་། རྒན་མིང་ཆུང་ལགས་གཉིས་ལ་ཁག་སོ་སོར་ཁྱད་ཆོས་མི་འདྲ་བ་འདུག་པས། མ་འོངས་པར་སློབ་ཁྲིད་སྐབས་ཕན་ཐོགས་ཏན་ཏན་ཡོང་ས་རེད་ལ། བློ་སྐྱེད་ཡང་གསར་པ་རག་སོང་། དུས་ཚོད་ལྕོག་ན་ཟབ་སྦྱོང་ཐེངས་གསུམ་པར་བཅར་གྱི་ཡིན། ཅེས་གསུང་འདུག
ཟབ་སྦྱོང་མཇུག་སྒྲིལ་མ་གནང་གོང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་འགན་འཛིན་དགེ་འདུན་དོན་ཡོད་ལགས་ནས་སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་གྱི་ནང་དོན་སྙིང་བསྡུས་དང་དེའི་གལ་གནད་ངོ་སྤྲོད་གནང་། གཟའ་མཇུག་རྗེས་མར་ཨ་རིའི་ཤར་ཕྱོགས་ས་ཁུལ་གྱི་དགེ་རྒན་རྣམས་ལ་མུ་མཐུད་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་པ་བཅས།།




