ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་འཛིན་རིམ་བཅུ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་གཞི་རིམ་གོང་མའི་འཛིན་རིམ་བཅུ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་སྐོང་ཚོགས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་། གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ལྟར་འཛིན་རིམ་བཅུ་པའི་སློབ་དེབ་ཀྱི་བསླབ་གཞི་རྩ་འཛིན་དང་། དཀར་ཆག་བཟོ་སྒྲིག་གི་ཚོགས་འདུ་གཞིར་བཟུང་སློབ་དེབ་རྩོམ་སྒྲིག་པ་བོན་གྲོག་པ་སངས་ཚེ་རིང་ལགས་ཀྱིས་རགས་ཟིན་རྩོམ་སྒྲིག་ཡོངས་སུ་གྲུབ་སྟེ་མཐའ་མའི་གཏན་འབེབས་ཀྱི་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུར་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་བོན་གྲོག་པ་སངས་ཚེ་རིང་ལགས། གཞི་རིམ་གོང་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཀུན་དགའ་ལགས་དང་། དྷ་ས་བོད་ཁྱིམ་གྱི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབང་ཕྱུག་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབྱངས་སྐྱིད་ལགས། ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་དབྱངས་སྒྲོན་བཀྲ་ཤིས་ལགས། རཱ་ཇ་པུར་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བློ་བཟང་དོན་གྲུབ་ལགས་བཅས་ལྷན་འཛོམས་ཀྱིས་སློབ་དེབ་གྱི་ནང་དོན་དང་པར་རིས་ཁག་སློབ་མའི་གནད་ཚད་དང་མཐུན་མིན་གོ་བསྡུར་དང་སྦྱངས་བཤད་བྱས་ཏེ་མཐའ་མའི་གཏན་འབེབས་གནང་ཡོད། 

བསྐྱར་ཞིབ་ཞུ་དག་གྲུབ་རྗེས་པར་སྐྲུན་བྱས་ཏེ་སློབ་གྲྭ་ཁག་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་འདུག

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།


སྔོན་མ།
ཤེས་རིག་ལས་ཁུངས་ནས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་ལ་དྲྭ་ཐོག་ནས་ཟབ་ཁྲིད་ཐེངས་གཉིས་པ་གོ་སྒྲིག་གནང་བ།
ཕྱི་མ།
གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།