ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༢༤ ནས་ ༢༨ བར་ཉིན་ལྔའི་རིང་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ་བསྐོང་ཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གཞི་རིམ་གོང་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དྲུང་གཞོན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། དྷ་ས་བོད་ཁྱིམ་གྱི་འཛིན་སྐྱོང་དྲུང་ཆེ་མིང་ཆུང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་གནམ་བཟོད་པ་ལགས། སུ་ཇ་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་བསྟན་འཛིན་ཆོས་སྐྱབས་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་ཕུར་བུ་སྒྲོལ་མ་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་བྱམས་པ་ཆོས་སྒྲོན་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་ཟླ་བ་ཚེ་རིང་ལགས་བཅས་ལྷན་འཛོམས་ཀྱིས་ལོ་འདིའི་ཕྱི་ཟླ་ ༥ པའི་ནང་གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པའི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་ཀྱིས་གཏན་འབེབས་བྱུང་བ་ལྟར། སློབ་དེབ་ཀྱང་བསྐྱར་ཞིབ་གནང་སྟེ། བསྐྱར་ཞིབ་ཚོགས་ཆུང་གིས་སློབ་དེབ་ཀྱི་ནང་དོན་བཀོད་སྒྲིག་ཐད་ལམ་སྟོན་གནང་བ་ལྟར་སློབ་དེབ་རྩོམ་སྒྲིག་པས་རགས་ཟིན་རྩོམ་སྒྲིག་གནང་བའི་སྟེང་། གོ་བསྡུར་སྦྱངས་བཤད་ཀྱིས་གཏན་འབེབས་ཞུས།

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བསླབ་གཞིའི་རྩ་འཛིན་ལ་ངོས་བཞེས་ཀྱིས་འགྱུར་བ་བཏང་མཚམས་སློབ་གྲྭ་ཁག་ལ་སློབ་དེབ་གསར་པ་ལག་བསྟར་གནང་འཆར་འདུག

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌེ་རོགས་ཚོགས་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
གཞི་རིམ་གོང་མའི་འཛིན་རིམ་བཅུ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ།