
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ཀྱིས་རྒྱ་གར་རྒྱལ་ས་དིལླཱི་གསར་པར་རྒྱ་གར་དབུས་གཞུང་སློབ་གྲྭའི་སྒྲིག་འཛུགས་ (KVS) ཀྱི་སྤྱི་ཁྱབ་འགན་འཛིན་ (commissioner) བི་ཀཱཀ་ གུཔྟཱ་མཆོག་དབུས་གཞུང་སློབ་གྲྭའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་བྱུང་བར་འཚམས་འདྲིའི་མཇལ་འཕྲད་གནང་ཡོད།
དེ་བཞིན་མཇལ་འཕྲད་ཀྱི་སྐབས་དང་བསྟུན་ནས་སྐུ་ངོ་རྣམ་པ་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་ཚུར་རྩིས་ལེན་དགོས་པའི་རྒྱུ་མཚན་ཁག་གསལ་བཤད་གནང་ཡོད་པ་མ་ཟད། སློབ་གྲྭ་དེ་དག་སཾ་བྷོ་ཊའི་ཁྱབ་ཁོངས་སུ་བཅུག་པ་བཞིན་དེ་སྔོན་ལྟར་དཔལ་འབྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
གཞན་ཡང་སྔོན་རྩིས་སུ་བཀའ་འཁྲོལ་ཐོན་པ་གང་ཞིག་རྩིས་ལོ་རྫོགས་ཉེའི་སྐབས་སུ་བརྡ་ལན་བྱུང་ན་བེད་སྤྱོད་བྱེད་རྒྱུའི་དུས་ཚོད་མེད་པའི་དཀའ་ངལ་ཡོད་སྟབས། བཀའ་འཁྲོལ་ཐོན་མཚམས་བརྡ་ལན་གང་མགྱོགས་ཡོང་བ་ཞུས་ཐད་གསན་བཞེས་གནང་འདུག ལྷག་པར་སཾ་བྷོ་ཊ་བོད་སློབ་ཚོགས་པའི་མིང་ཐོག་སྔོན་རྩིས་ཀྱི་རྩིས་འགོ་གསུམ་ནས་འཛིན་ཆས་སྤུས་གཟིགས་སོགས་ཐེངས་གཅིག་རེ་འཐོབ་རྒྱུའི་རྩིས་འགོའི་དངུལ་འབབ་ཉུང་སྐྱོན་གྱིས་སློབ་གྲྭ་མང་པོ་ཡོད་པས་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཡོད་སྟབས། རྩིས་འགོ་དེའི་དངུལ་འབབ་དུས་དང་བསྟུན་ནས་འགྲོ་སོང་འཕར་མུས་བཞིན་སྤར་ཆ་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད།
དེ་རྗེས་འབྲེལ་ཡོད་ལས་བྱེད་ཁག་མཇལ་འཕྲད་ཐོག་དེ་རིང་འཚམས་འདྲིའི་མཇལ་འཕྲད་གྲུབ་ཡོད།།



