ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་རིག་བརྟག་དཔྱད་ཁང་ཉམས་གསོ་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་། དེ་ཡང་ཐོག་མར་ཤེས་རིག་བཀའ་བློན་མཆོག་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་དགེ་ཆེ་བསྟན་འཛིན་སྒྲོལ་མ་ལགས། དགེ་ཆེ་ལས་རོགས་བསྟན་འཛིན་དོན་གྲུབ་ལགས་བཅས་དང་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་རྗེས་སློབ་གྲྭའི་ཁོར་ཡུག་ལ་གཟིགས་ཞིབ་ལེགས་པར་གནང་སོང་། སྐབས་དེར་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཕྱི་འབྲེལ་དྲུང་ཆེ་སྐལ་བཟང་ཕུན་ཚོགས་ལགས་དང་། ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས། ས་གནས་སྦིར་བོད་ཚོགས་དང་སྡེ་དགེ་སོགས་ཀྱི་སྐུ་ཚབ་མཉམ་བཅར་ཞུས་ཡོད།

དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཀྱི་ཐོག་མར་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ངོ་སྤྲིད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་བ་དང་། ཐེངས་འདིར་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་གནང་བའི་འོག་ཚན་རིག་བརྟག་དཔྱད་ཁང་དེ་བཞིན་ཡར་རྒྱས་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚན་རིག་བརྟག་དཔྱད་ཁང་འདིའི་བརྒྱུད་སློབ་མ་རྣམས་ལ་སློབ་ཁྲིད་ཙམ་མ་ཡིན་པར་དངོས་སུ་སློབ་མ་ཚོས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་ཀྱིས་ལག་བསྟར་བྱེད་སའི་གོ་སྐབས་བསྐྲུན་གྱི་ཡོད་པས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཁྱོན་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལེགས་པོ་བྱུང་བར་བསྔགས་བརྗོད་དང་འབྲེལ། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་ནང་ཡོད་བཞིན་པའི་སློབ་གྲྭ་ཁག་གི་གནས་སྟངས་ལ་གོ་རྟོགས་དང་དོ་སྣང་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད། དེ་བཞིན་བོད་ནང་གི་གནས་སྟངས་འགྲེལ་བརྗོད་དང་བསྟུན་རྒྱ་ནག་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་གིས་བོད་པའི་སློབ་ཕྲུག་རྣམས་བཙན་འཇུག་བྱེད་བཞིན་པའི་གནང་སྟངས་ངོ་སྤྲོད་གནང་སྟེ་བཙན་བྱོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་སྤྱི་སྒེར་རོགས་ཚོགས་ནས་མཐུན་འགྱུར་རོགས་རམ་མཁོ་སྤྲོད་གནང་བའི་བརྒྱུད་སློབ་གྲྭའི་ནང་གང་ཅིའི་ཐད་ནས་མཐུན་རྐྱེན་འཛོམས་པོ་ཡོད་པར། སློབ་ཕྲུག་ཚོས་དེ་དག་བག་མེད་ལོངས་སྤྱོད་མ་ཡིན་པར་བེད་སྤྱོད་ཚུལ་ལྡན་བཏང་སྟེ་ཤེས་ཡོན་དང་བཟང་སྤྱོད། འཕྲོད་བསྟེན་བཅས་ལ་དོ་སྣང་དང་། ལྷག་པར་བོད་པའི་སྐད་དང་རིག་གཞུང་བཅས་པར་སློབ་གཉེར་གང་ལེགས་ཀྱིས་བདག་གཅེས་གནང་དགོས་པ་ནན་བརྗོད་གནང་ཡོད། དགེ་རྒན་ཚོས་སློབ་ཁྲིད་གནང་བའི་སྐབས་དྲང་བདེན་དང་ཐབས་ལམ་སྣ་མང་བརྒྱུད་སློབ་མར་སློབ་སྟོན་གནང་དགོས་པ་དང་། སློབ་ཕྲུག་ཚོས་ཀྱང་སློབ་སྦྱོང་ལ་དོ་དབྱིངས་ཆེན་པོས་འབད་བརྩོན་ཧུར་ཐག་གིས་སློབ་སྦྱོང་གནང་དགོས་པ་མ་ཟད། སློབ་མ་ཚོས་དམིགས་ཡུལ་བཟུང་སྐབས་སོ་སོའི་ནུས་པ་དང་འཇོན་ཐང་ལ་དཔག་པའི་དམིགས་ཡུལ་འཛིན་དགོས་པའི་ལམ་སྟོན་གནང་ཡོད།

དེ་མཚུངས་སློབ་མ་ཚོས་སློབ་གྲྭའི་སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་མ་ཟད། སྒྲིག་ཁྲིམས་ནི་སློབ་གྲྭ་ཙམ་དུ་མ་ཡིན་པར་དུས་རྒྱུན་དུ་ནས་འཚོ་བའི་ཁྲོད་རང་ཁྲིམས་སྲུང་དགོས་པའི་གལ་གནད་དང་། དེ་ལྟར་གནང་ཐུབ་ཚེ་མི་བཟང་པོ་ཞིག་ཆགས་ངེས་ཡིན་པ་གསུངས་པ་མ་ཟད། ཕྲུ་གུ་ནང་ཁུལ་དབར་བརྩེ་སེམས་དང་། འཆམ་མཐུན། བརྩི་བཀུར། བྱམས་སྐྱོང་གི་སྒོ་ནས་མཉམ་གནས་བྱ་རྒྱུ་ལས། གཞན་ལ་བརྙས་བཅོས་སམ་ཐུབ་ཚོད་གཏོང་རྒྱུའི་རིགས་ནམ་ཡང་བྱ་མི་རུང་བའི་སློབ་སྟོན་གནང་སོང་། དེ་རྗེས་སློབ་སྤྱི་པ་སངས་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་གཙོས་པས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།

དེ་རྗེས་ཉིན་གུང་གསོལ་ཚིགས་འདེགས་འབུལ་གྲུབ་མཚམས་ཚན་རིག་བརྟག་དཔྱད་ཁང་དབུ་འབྱེད་ཀྱིས་གཟིགས་ཞིབ་གནང་ཡོད། དེ་ཡང་བརྟག་དཔྱད་ཁང་གི་ལས་གཞི་འདི་ཤེས་རིག་ལས་ཁུངས་ཀྱིས་ཨ་རིའི་རོགས་དངུལ་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་ལོ་ ༢༠༢༣ ནས་བཟུང་སྤེལ་བཞིན་པའི་བོད་པའི་སློབ་གྲྭ་ཁག་གི་ཚན་རིག་བརྟག་དཔྱད་ཁང་ཡར་རྒྱས་ཀྱི་ལས་གཞིའི་ཆ་ཤས་ཡིན་པ་དང་། ཐེངས་འདིར་ཅོན་ཏ་ར་བོད་ཁྱིམ་གྱི་ཚན་རིག་བརྟག་དཔྱད་ཁང་ཡར་རྒྱས་ཀྱི་ལས་གཞི་ཐོག་འགྲོ་གྲོན་ཧིན་སྒོར་ ༦༩༠,༦༣༦ སོང་ཡོད།  ཕྱི་ལོ་ ༢༠༢༣ ནས་ད་བར་བོད་སློབ་ཁག་དགུར་ལས་གཞི་ལེགས་གྲུབ་ཟིན་ཞིང་། དེ་དག་ནི་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་དྷ་སྟེང་བོད་ཁྱིམ་དང་། སྦེལ་ཀོབ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ་བཅས་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་དང་། རྡོར་གླིང་སཾ་བྷོ་ཊ་གཏན་སློབ། མོན་གྷོ་སཾ་བྷོ་ཊ་གཏན་སློབ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཅས་དང་། དེ་བཞིན་མ་སུ་རི་བོད་ཁྱིམ་བཅས་ཡིན། ཁྱོན་ཡོངས་ནས་ལས་གཞི་ཐོག་འགྲོ་གྲོན་ཧིན་སྒོར་ ༦,༧༩༥,༤༡༢ ལྷག་སོང་ཡོད། བརྟག་དཔྱད་ཁང་དེ་དག་ལ་དེང་དུས་དང་མཐུན་པའི་ཚན་རིག་ཡོ་ཆས་སྣ་ཚོགས་དང་། བརྙན་སྟོན་འཕྲུལ་ཆས། འཁྱག་སྒམ། གྲངས་འཛིན་ཕྲ་མཐོང་ཆེ་ཤེལ། ཆུ་དང་རླུང་གི་འགྲོ་ལམ། རླངས་རྫས་སྦུག་དོང་གི་མཐུད་སྒོ།  (Gas Pipeline installation) མེ་སྐྱོན་ཉེན་སྲུང་སོགས་ཀྱི་མཁོ་སྒྲིག་མཐུན་སྦྱོར་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་དགེ་ལས་རྣམས་ལ་བླང་དོར་གསུང་བཤད་དོན། སློབ་མའི་མི་ཚེའི་ལམ་བུ་བཟང་པོ་ཞིག་དང་དོན་སྙིང་ལྡན་པ་ཞིག་ཡོང་བར་དགེ་རྒན་ལ་འགན་ཁུར་ཆེན་པོ་ཞིག་ཡོད་པར་བརྟེན། དགེ་རྒན་གྱི་ལས་འགན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པ་དགེ་རྒན་ཚོས་ཡིད་འཇགས་ཀྱིས་ལྷག་བསམ་རྣམ་དག་ཐོག་ཕྱག་ལས་གནང་དགོས་པའི་ལམ་སྟོན་དང་། དགེ་རྒན་ཚོས་སློབ་མ་ལ་སྤྱི་ཡོངས་ནས་བྱམས་སྐྱོང་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་ཐོག་སློབ་སྟོན་བཟང་པོ་གནང་དགོས་གལ། དེ་བཞིན་སློབ་གྲྭ་འདི་ཉིད་སྤྱི་ཡོངས་ནས་ཡག་པོ་ཞིག་ཡོང་བར་སློབ་སྤྱི་དང་དགེ་ཆེ་ཁོ་ན་མ་ཡིན་པར་དགེ་ལས་ཡོངས་ནས་ནུས་པ་མཉམ་སྤུངས་ཐོག་ཕྱག་ལས་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད་ལ། ཁོང་རང་ཉིད་སློབ་གྲྭའི་དགེ་རྒན་དང་སློབ་སྤྱི་གནང་བའི་ཉམས་མྱོང་མཉམ་སྤྱོད་གནང་སྟེ་དགེ་ལས་རྣམས་ལ་སེམས་ཤུགས་དང་སྐུལ་འདེད་གནང་ཡོད་པ་བཅས། །


སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲིའི་མཇལ་འཕྲད་ཞུས་པ།