
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ལྡི་ལི་ནས་མཁའ་ལམ་བརྒྱུད་དིབྲུ་གར་ (Dibrugarh) འབྱོར་སྐབས་གནམ་ཐང་དུ་ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད ༨ ཐོག་ཤེས་རིག་དྲུང་ཆེ་སཾ་བྷོ་ཊ་སློབ་གྲྭ་རུ་འཚམས་གཟིགས་ཕེབས་སྐབས་དགེ་ཆེ་བསྟན་འཛིན་དར་རྒྱས་ལགས་ཀྱིས་གཙོས་པས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་རྗེས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཀྱིས་ཐོག་མར་དགེ་ཆེ་ནས་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ངོ་སྤྲོད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་ཤེས་རིག་དྲུང་ཆེ་ནས་གཞི་རིམ་འོག་མའི་སློབ་ཕྲུག་རྣམས་ལ་གོ་བདེའི་ངང་དོན་ཚན་ལྔའི་སྟེང་གསུང་བཤད་གནང་ཡོད།

དེ་ཡང་སློབ་ཕྲུག་རྣམས་ལ་དཔེ་དེབ་ཀློག་རྒྱུ་གལ་གནད་ཇི་ཙམ་ཆེན་པོ་ཡིན་སྐོར་དང་། སློབ་གྲྭ་གྲོལ་རྗེས་རང་ཁྱིམ་དུ་ཁ་པར་བལྟས་ནས་མ་བཞུགས་པར་དུས་ཚོད་དམ་འཛིན་གྱིས་ཕྱིར་ཕྲུ་གུ་གཞན་དང་མཉམ་དུ་རྩེད་མོ་སོགས་བརྩེས་ན་ལུས་སེམས་གཉིས་ལ་དགེ་ཚན་ཡོད་པ། དེ་བཞིན་སློབ་ཕྲུག་ནང་ཕན་ཚུན་བར་འཆམ་མཐུན་གནང་དགོས་པ་གལ་ཆེ་བ། ཆུང་དུས་རང་སོ་སོའི་གཟུགས་པོ་བདག་པོ་ཡག་པོ་རྒྱབ་དགོས་པས་ཀོཀ་དང་ཀྲག་ཤོག་ནང་ཡོད་པའི་རྔན་པ་རྟག་པར་མཆོད་ན་འཕྲོད་བསྟེན་ལ་གནོད་སྐྱོན་ཡོད་སྐོར། སློབ་གྲྭའི་དུས་ཚོད་དང་དུས་ཚོད་མིན་པ་ག་དུས་ཡིན་ཡང་རང་ཉིད་ལ་ཚུལ་མིན་གྱི་བརྙས་བཅོས་བྱེད་མཁན་དེ་འདྲ་བྱུང་ཚེ་ལམ་སང་དགེ་རྒན་དང་ཕ་མར་བཤད་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།

དེ་རྗེས་ཤེས་རིག་དྲུང་ཆེ་ནས་སློབ་གྲྭའི་འཛིན་ཁང་རེ་རེར་ཕེབས་ནས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གནང་ཕྱོགས་ལ་རྟོག་ཞིབ་ཟབ་ནན་གནང་བ་དང་སྟབས་བསྟུན། དགེ་རྒན་ཚོས་འཛིན་གྲྭའི་ནང་སློབ་ཁྲིད་གནང་སྐབས་ཕྲུ་གུས་དོ་སྣང་དང་མགོ་ཚོད་ཀྱི་ཡོད་མིན་གཟིགས་དགོས་ཤིང་། དེ་ལྟར་མ་ཡིན་པར་སློབ་ཚན་ཁྲིད་རྐྱང་དང་སོ་སོ་གཅིག་པོས་ངག་ནས་གསུང་རྐྱང་གནང་ཚེ་དུས་ཚོད་འཕྲོ་བརླག་དང་། ལྷག་པར་ཕྲུ་གུ་ཚོ་དང་ཕན་ཚུན་བསམ་ཚུལ་གོ་བསྡུར་བརྗེ་ལན་དང་དྲི་བ་དྲི་ལན་གནང་བ་སོགས་ཀྱི་ཐབས་ལམ་སྤྱད་དེ་ནུས་པ་མཉམ་དཔུང་ཐོག་སློབ་ཁྲིད་སྦྱོང་ཤེས་ཡོང་ཐབས་དགོས་པ་གལ་ཆེ་བ་དང་། དགེ་རྒན་ངོས་ནས་རང་རེ་སློབ་ཕྲུག་ཚོར་བྱམས་བརྩེའི་ངང་སློབ་ཁྲིད་གནང་དགོས་པ། སློབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་འདྲ་མིན་སྤྱད་དེ་ཕྲུ་གུས་སློབ་ཚན་ལ་དོ་དབྱིངས་དང་སློབ་སྦྱོང་སྦྱང་འདོད་ཡོད་པའི་ཚོར་བ་བསྐྲུན་ཐབས། ཕྲུ་གུའི་བཤད་རྩལ་དང་འབྲི་རྩལ་ལེགས་པོ་ཞིག་ཡོང་ཐབས་ཀྱི་གཞི་རྩ་ནི་དཔེ་ཀློག་རྒྱག་རྒྱུ་དེ་གལ་ཆེན་ཡིན་པ་སོགས་ཀྱི་ལམ་སྟོན་གནང་།

དེ་དང་ཕྱོགས་མཚུངས་ཤེས་རིག་དྲུང་ཆེ་ནས་ (ཕྲུ་གུས་རྣམ་ཀུན་ནས་རང་གི་ཕ་མའི་ཁྱིམ་ཚང་ནང་གི་ལས་དོན་བྱེད་ཕྱོགས་ལ་མིག་དཔེ་བླངས་ནས་སྦྱང་གི་ཡོད་པ་ལས་སློབ་གསོ་ཁོ་ནར་བརྟེན་ནས་མིན། Children learn through observation not from instruction) ཞེས་པའི་དཔེར་བགྲངས་ཀྱིས་དགེ་རྒན་ཚོ་དང་ཕ་མ་ཚོས་རང་སོ་སོའི་གཤིས་སྤྱོད་གཉིས་ལྡན་གྱི་ཐོག་ནས་སློབ་ཕྲུག་ཚོར་སློབ་གསོ་གནང་དགོས་རྒྱུ་དང་། རྒྱུན་ལྡན་ནས་ཡ་རབས་སྤྱོད་བཟང་གི་མིག་དཔེ་བཟང་པོ་བསྟན་པ་སོགས་གནང་ན་ཕྲུ་གུས་དགེ་རྒན་གྱི་གང་གནང་བ་དེ་ལ་དཔེ་བླངས་ཀྱིི་ཡོད་པ་ཅེས་ལམ་སྟོན་གནང་ཡོད།

ཉིན་རྒྱབ་སློབ་གྲྭའི་ཚོགས་ཁང་དུ་ཕ་མ་རྣམས་དང་ལྷན་ཚོགས་སྐབས་དེང་གི་དུས་ལ་ཕྲུ་གུ་མང་པོ་ཞིག་ལ་དྲྭ་ནད་ཅེས་ཁ་པར་ནང་རྒྱུན་རིང་དྲྭ་རྒྱ་བེད་ལོག་སྤྱད་པའི་རྐྱེན་གྱིས་ཕྲུ་གུའི་ལུས་སེམས་གཉིས་ལ་དཀའ་ངལ་འཕྲད་མཁན་མང་པོ་ཡོད་པས། ཕ་མས་ངོས་ནས་ གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་བུད། ཟེར་བ་བཞིན་རང་གི་བུ་ཕྲུག་ཚོར་གཅེས་སྐྱོང་བྱེད་ཕྱོགས་མ་ནོར་བར་གཟབ་གཟབ་གནང་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད།
དེའི་ཞོར་ལ་ཤེས་རིག་དྲུང་ཆེ་ནས་ཏེ་ཛུ་ས་གནས་འགོ་འཛིན་ལས་ཁུངས་དང་། རྒན་གསོ་ཁང་། བུ་བཅོལ་ཁང་། ས་གནས་འཐུས་ཚོགས་ཀྱི་ལས་ཁུངས། རང་བདེན་ཚོགས་ཆུང་གི་ལས་ཁུངས་སོགས་ས་གནས་ཀྱི་སྡེ་ཚན་གཞན་ལའང་འཚམས་གཟིགས་གནང་ཡོད།།







