ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སཾ་བྷོ་ཊ་མེའོ་ཆོས་འཕེལ་གླིང་དུ་འཚམས་གཟིགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༤ ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཏི་ཛུ་དར་རྒྱས་གླིང་ནས་ཕེབས་ཐོན་གྱིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་འཕྲལ་ས་གནས་འགོ་འཛིན་རིན་ཆེན་ཚེ་རིང་ལགས་དང་། སཾ་བྷོ་ཊ་མེའོ་སློབ་གྲྭའི་དགེ་ཆེ་ཀརྨ་ཚེ་བརྟན་ལགས། གཞན་ས་གནས་ཀྱི་གནད་ཡོད་མི་སྣ་དང་ཕ་མའི་ཚོགས་ཆུང་གི་འཐུས་མི་རྣམས་ནས་ཕེབས་བསུ་ཞུས་གནང་རྗེས་ཆུ་ཚོད་ ༡༠།༣༠  ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས་དགེ་ཆེ་ཀརྨ་ཚེ་བརྟེན་ལགས་ཀྱིས་གཙོས་པས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཀྱིས་ཐོག་མར་དགེ་ཆེ་ནས་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ངོ་སྤྲོད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་ཤེས་རིག་དྲུང་ཆེ་ནས་མེའོ་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་རྣམས་ལ་གསུང་བཤད་གནང་སྐབས། ཕྲུ་གུ་ཚོས་སོ་སོའི་མི་ཚེའི་ནང་དོན་གནད་གསུམ་ནམ་ཡང་མ་བརྗེད་པ་གནང་དགོས་པ་སྟེ། ཐོག་མར་རང་གི་དྲིན་ཆེན་ཕ་མའི་བྱམས་སྐྱོང་མ་བརྗེད་པ་དང་། གཉིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ནམ་ཡང་བརྗེ་ཐབས་མེད་པ། གསུམ་པ་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་སྐྱོང་འོག་ཤེས་ཡོན་སློབ་གསོའི་གོ་སྐབས་ཧ་ཅང་བཟང་པོ་ཐོབ་པ་ནམ་ཡང་བརྗེད་མི་རུང་བ་ཡིན་སྐོར་གསུངས།

དེ་བཞིན་ཕྲུ་གུ་ཚོ་ལ་དཔེ་ཀློག་གི་གལ་གནད་དང་། གཙང་འཕྲོད་ཡག་པོ་གནང་དགོས་སྐོར། ལག་ཐོག་ཁ་པར་གྱི་ཉེན་ཁ། དེ་བཞིན་རྩུབ་སྤྱོད་ཉེན་འགོག་སྐོར་གོ་རྟོགས་ལམ་སྟོན་དང་སྦྲགས། མི་གཞན་ནས་རང་ལ་ལག་པས་རེག་སྟངས་དང་འཇུ་ཕྱོགས་བཟང་ངན། ལག་པ་འཆང་ཆོག་པ་དང་མི་ཆོག་པའི་ཁྱད་པར་ཤེས་དགོས་པ་གལ་ཆེ་བ་དང་། གལ་ཏེ་མི་གཞན་ནས་སོ་སོའི་ལུས་པོའི་ཆ་ཤས་ལ་ལག་པས་འཆང་མི་ཆོག་པ་ལ་བཅངས་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་སློབ་གྲྭའི་དགེ་རྒན་ནམ་སོ་སོའི་ཕ་མ་ལ་ངེས་པར་དུ་བརྗོད་དགོས་པ་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད།

དེ་ནས་ཉིན་རྒྱབ་ཤེས་རིག་དྲུང་ཆེ་ནས་སློབ་གྲྭའི་དགེ་ལས་རྣམས་ཀྱི་སློབ་ཁྲིད་ལ་རྟོག་ཞིབ་གནང་གྲུབ་རྗེས་དགེ་ལས་རྣམས་དང་བཞུགས་མོལ་ཚོགས་འདུག་གནང་སྐབས་དགེ་རྒན་ཚོས་སློབ་ཁྲིད་གནང་བའི་སྐབས་ཞར་ཞོར་ཁ་པར་བལྟས་པ་ཡིན་ན་དེས་སློབ་ཁྲིད་ལ་བརྡབ་གསིག་ཡོང་རྒྱུ་མ་ཟད། ཕྲུ་གུ་ཚོ་ལ་ཡང་མིག་དཔེ་ངན་པ་ཐེབས་ཀྱི་ཡོད་པས་དེ་རིགས་རྩ་བ་ཉིད་ནས་གནང་རྒྱུ་མེད་པ་དང་།  དེང་སང་དགེ་རྒན་ཁག་གཅིག་གིས་སློབ་གྲྭའི་མཛད་སྒོ་དེ་འདྲ་བརྙན་ཐུང་བཟོས་ནས་སྤྱི་ཚོགས་དྲྭ་ལམ་སྟེང་བཞག་པ་སོགས་ཀྱི་གནང་ལུགས་དེ་འདྲ་ཡང་སྐབས་རེ་མཐོང་རྒྱུ་འདུག་པས་དེ་ནི་མི་འོས་པ་མ་ཟད། སྒྲིག་གཞི་དང་ཡང་འགལ་གྱི་ཡོད་པས་དེ་རིགས་ལ་ཐུགས་སྣང་ཡིད་གཟབ་གནང་དགོས་སྐོར་གསུངས།

གཞན་ཡང་དགེ་རྒན་རྣམ་པས་ཕྲུ་གུའི་ཀློག་སྩལ་གོང་མཐོར་ཡོང་བར་དཔེ་ཀློག་ཐོག་ནུས་ཤུགས་འདོན་དགོས་པ་དང་། ཤེས་རིག་ལུས་ཁུངས་ནས་སློབ་གྲྭ་ཁག་ལ་སྒྲུང་དེབ་མང་པོ་གནང་གི་ཡོད་པ་རྣམས་དཔེ་སྒྲོམ་ནང་བསྒྲིགས་ནས་མ་བཞག་པར་ཕྲུ་གུ་ཚོར་དཔེ་དེབ་དེ་དག་ངོ་སྤྲོད་དང་གང་མང་དཔེ་ཀློག་བྱེད་འཇུག་དགོས་པའི་གལ་གནད་སྐོར་གསུངས་ཤིང་། དགེ་རྒན་ཚོས་སློབ་ཕྲུག་རྣམ་པར་ནང་སྦྱོང་བསྐུལ་རྗེས་དགེ་རྒན་གྱི་ངོས་ནས་དེ་ལ་ཞུ་དག་ནོར་བཅོས་དང་དོ་སྣང་ནན་པོ་གནང་དགོས་གལ། དེ་བཞིན་ཕྲུ་གུའི་གཤིས་སྤྱོད་འདུལ་ཆེད་ཉེས་བརྡུང་བཏང་བ་སོགས་མ་གནང་བར་སྙིང་རྗེ་དང་བྱམས་བརྩེའི་ངང་གསོ་སྐྱོང་གནང་དགོས་པ་དང་། གཞན་ཡང་སློབ་གྲྭའི་ནང་ཕྲུ་གུ་ཚོར་རྩུབ་སྤྱོད་དང་བརྙས་བཅོས་ཐུབ་རྩོད་ལ་སོགས་མ་རུངས་པའི་གནས་ཚུལ་བྱུང་ཚེ་སྦས་གསང་མ་གནང་བར་གོང་རིམ་དང་འབྲེལ་ཡོད་རྣམས་ལ་ཞུ་དགོས་པ་དང་། ཕྲུ་གུ་དང་འབྲེལ་བའི་རྒྱ་གར་གཞུང་གི་ཁྲིམས་སྒྲིག་པོག་སོ་ (POCSO) སོགས་ལ་དོ་སྣང་དང་སྒྲིག་གཞི་དེ་ལག་བསྟར་འཐུས་ཚང་དགོས་གལ་ཆེ་བའི་སྐོར་གསུངས།

སློབ་ཕྲུག་ཚོས་བོད་ཨིན་ཧིན་གསུམ་གྱི་སྐད་ཡིག་ཚད་ལྡན་ཡོང་ཐབས་དང་། ལྷག་པར་སྐད་ཡིག་གསུམ་ག་མེད་ནའང་བོད་ཨིན་གཉིས་ཀྱི་སྐད་ཡིག་སློབ་སྦྱོང་བཟང་པོ་ཡོང་བར་འབད་བརྩོན་བྱེད་དགོས་སྐོར་ལམ་སྟོན་སོགས་གནང་གྲུབ་རྗེས་སློབ་གྲྭའི་དགེ་ཆེ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། དགེ་ཆེ་ཀརྨ་ལགས་ཀྱིས་སློབ་གྲྭའི་དགེ་ལས་ཡོངས་ནས་སློབ་ཕྲུག་ཚོའི་སྐད་ཡིག་གི་གནས་ཚད་གོང་མཐོར་ཡོང་ཐབས་དང་། ལྷག་པར་ཕྲུ་གུའི་ཀློག་རྩལ་ཐོག་འབད་བརྩོན་སྔར་ལྷག་གནང་རྒྱུའི་ཁས་ལེན་དམ་བཅའ་གནང་བ་དང་། ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་གནས་སྟངས་གང་སྤྱིའི་ཐོག་མཐུན་རྐྱེན་རོགས་རམ་གནང་བར་དགེ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད།

དེ་ནས་ཕྱི་ཚེས་ ༢༥ ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྔོན་འགྲོའི་སློབ་གྲྭ་དང་བུ་བཅོལ་ཁང་གཉིས་ལ་འཚམས་གཟིགས་གནང་གྲུབ་རྗེས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ཀྱི་ཕ་མ་རྣམས་ཀྱི་ཚོགས་འདུའི་སྐབས་ཐོག་མར་ཤེས་རིག་དྲུང་ཆེ་ནས་དེ་སྔ་རྒྱུན་རིང་ཞིག་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་གྱི་བོད་སློབ་ཁག་ཏུ་སྐོར་བསྐྱོད་ཀྱི་ལས་འཆར་ཞིག་ཡོད་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཤིག་གི་རྐྱེན་པས་ས་གནས་སུ་བཅར་ཐུབ་མ་བྱུང་ཡང་། ཐེངས་འདིར་ས་གནས་བོད་སློབ་ཁག་ཏུ་སྐོར་བསྐྱོད་ཞུ་ཐུབ་པ་དང་ཕྲུ་གུའི་ཕ་མ་རྣམས་དང་ཐུག་འཕྲད་ཀྱི་གོ་སྐབས་བཟང་པོ་ཞིག་བྱུང་བར་དགའ་པོ་བྱུང་སྐོར་གསུངས་གནང་།

དེ་ནས་ཕྲུ་གུའི་སློབ་སྦྱོང་གི་བརྒྱུད་རིམ་ནང་གཞིས་རིམ་འོག་མའི་ཤེས་ཡོན་གྱི་དུས་ཡུན་དེ་ཧ་ཅང་གལ་ཆེན་པོ་ཡིན་གནས་དང་། གཞི་རིམ་འོག་མའི་སྐབས་ཕྲུ་གུའི་ཤེས་ཡོན་གྱི་རྨང་གཞི་ལེགས་པོ་བྱུང་ན་གཞི་རིམ་བར་མ་དང་གོང་མའི་སྐབས་སློབ་སྦྱོང་ཡག་པོ་ཡོང་བ་མ་ཟད། དཀའ་ངལ་མ་འཕྲད་པའི་ཕན་ཐོགས་ཡོད་པས་ཤེས་ཡོན་གྱི་རྨང་གཞི་ཡག་པོ་འདིང་དགོས་པའི་གལ་གནད་སྐོར་གསུངས་པ་དང་། རང་རེའི་ཕ་མ་རྣམས་ནས་སོ་སོའི་བུ་ཕྲུག་རྣམས་ད་ལྟ་ལོ་ཆུང་བྱིས་པ་ཡིན་པའི་རྒྱུ་མཚན་གྱི་ཕྲུ་གུ་གསོ་སྐྱོང་ལ་མཐུས་ཤོར་དང་སྣང་མེད་མ་གནང་བར་བྱིས་དུས་སྐབས་ནས་བུ་ཕྲུག་རྣམས་བྱམས་བརྩེ་ཞི་དུལ་ངང་གསོ་སྐྱོང་གནང་དགོས་པ་གལ་ཆེན་པོ་ཡིན་གསུངས།

དེ་བཞིན་ཕྲུ་གུའི་ཕ་མ་གཉིས་ཕན་ཚུན་མཛའ་བརྩེ་མཐུན་པོ་དགོས་པ་གལ་ཆེ་བ་དང་། ཕ་མའི་བར་འཁྲུག་འཛིང་བྱེད་པ་དང་འཆམ་མཐུན་མེད་པ། ཆང་རག་འཐུང་བ་སོགས་གནང་གི་ཡོད་ཚེ་ཕྲུ་གུའི་བསམ་བློ་དང་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་འབྱུང་ངེས་དང་། སྐབས་རེ་ཁྱིམ་ཚང་ནང་དཀའ་ངལ་ཡོད་པའི་དབང་གིས་ཕྲུ་གུའི་བསམ་བློར་ཤུགས་རྐྱེན་ངན་པ་ཐེབས་ནས་སློབ་སྦྱོང་བྱེད་མ་ཐུབ་པར་འཐུས་ཤོར་ཕྱིན་པ་དེ་འདྲ་རེ་ཟུང་སློབ་གྲྭའི་ནང་མཐོང་ཐོས་ཡོང་གི་འདུག་ཅེས་གསུངས།

གཞན་ཡང་དེང་སང་ཕ་མ་རྣམས་ནས་ཁྱིམ་ལས་དང་ཕར་ཚུར་ལས་ཀར་འགྲོ་བའི་སྐབས་དང་དགོང་མོ་ཉལ་ཁར་ཕྲུ་གུ་ལ་ཁ་པར་བསྟན་ཏེ་མགོ་བསྐོར་ནས་བཞག་པ་དེས་ཕྲུ་གུའི་ཀླད་པ་དང་བསམ་བློའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་གནོད་སྐྱོན་ཆེན་པོ་བྱུང་གི་ཡོད་དང་། ཁ་པར་ལྟ་གོམས་ངན་ཤོར་གྱིས་ཕྲུ་གུའི་གཤིས་རྒྱུད་ཁྲོ་སླ་བོ་དང་ཞི་དུལ་འཇམ་པོ་མེད་པ། དྲན་པ་བརྗེ་སླ་བ་སོགས་འགྱུར་ཉེན་ཆེན་པོ་ཡོད་པས་དེ་རིགས་ལ་ཡིད་གཟབ་བྱེད་དགོས་པ་དང་། དེའི་ཚབ་ཏུ་ཕྲུ་གུ་ཚོར་སྒྲུང་དེབ་མང་པོ་ཀློག་ན་ཕན་ཐོགས་ཆེ་བ་དང་། ཕྱི་དྲོ་མ་ཉལ་གོང་དུ་ཕ་མ་རྣམས་ནས་སྒྲུང་དོན་མགོ་ཚོད་མིན་ལ་མ་ལྟོས་པར་ཕྲུ་གུ་རྣམས་ལ་སྐད་ཤུགས་ཆེན་པོས་སྒྲུང་དེབ་གང་མང་ཀློག་ཚེ་དེས་ཕྲུ་གུའི་ཀླད་པའི་ཚར་སློང་དང་ཤེས་ཡོན་སློབ་སྦྱོང་ཐོག་ཤུགས་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ་པ་མ་ཟད། དེ་འདྲའི་ཕྲུ་གུ་དེ་ཡང་སློབ་ཕྲུག་གཞན་དང་མི་འདྲ་བར་རིག་པ་སྤྱང་གྲུང་དོད་པོ་དང་སློབ་སྦྱོང་ཡག་པོ་ཡོང་བའི་དགེ་མཚན་ཧ་ཅང་ཆེན་པོ་ཡོད་པས་ཕ་མ་ཚོས་དེའི་ཐོག་ནུས་ཤུགས་འདོན་དགོས་པར་གསུངས།

དེ་བཞིན་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་དེ་ཤེས་ཡོན་སློབ་སྦྱོང་དང་སྤྱོད་གོམས་བཟང་པོ་ཡོང་རྒྱུ་དེ་སློབ་གྲྭ་དང་དགེ་རྒན་གྱི་འགན་ཁྲིད་ཁོ་ན་ཡིན་མ་བསམ་པར་ཕ་མ་ལའང་འགན་ཆེན་པོ་ཡོད་པས་དགེ་རྒན་དང་ཕ་མ་ཟུང་འབྲེལ་གྱི་ཐོག་ནས་ཕྲུ་གུའི་ཤེས་ཡོན་སློབ་གསོ་དང་། གཙང་འཕྲོད། ཀུན་སྤྱོད་སོགས་ཀྱི་ཐོག་ནུས་པ་ཤུགས་ཆེ་ཙམ་འདོན་དགོས་པ་གལ་ཆེ་བ་ཡིན་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་སོང་། །


སྔོན་མ།
ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་བྱང་ཤར་ཏེ་ཛུ་དར་རྒྱས་གླིང་གི་སློབ་གྲྭར་གཞུང་འབྲེལ་འཚམས་གཟིགས་གནང་།
ཕྱི་མ།
གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་ལ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས་གནང་བ།