
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༠ ནས་ ༢༤ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་ལ་བསྐྱར་ཞིབ་ཚོགས་འདུ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་འཚོགས་ཡོད།
གོང་ཚེས་ཉིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་ལ་སྤྱི་ཚོགས་ཚན་རིག་དགེ་རྒན་ཁྱོན་ཡོངས་ཀྱིས་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་དགོངས་ཚུལ་བསམ་ཤོག་ནང་གང་འཁོད་དང་། བསྐྱར་ཞིབ་ཚོགས་མི་ཡོངས་ཀྱི་ལོ་ངོ་འདི་དག་རིང་སློབ་ཁྲིད་གནང་བའི་ཉམས་མྱོང་བཅས་གཞི་ལ་བཞག་ནས་བསྐྱར་ནན་ཞིབ་གཟིགས་ཀྱིས་སློབ་ཚན་གྱི་ནང་དོན་སྤྱི་དང་། ཐ་སྙད་སྤྱོད་ཕྱོགས། པར་དང་ས་ཁྲ་འཇོག་སྟངས། དེ་བཞིན་ཚིག་སྦྱོར་སོགས་ཕྱོགས་ཡོངས་ནས་བསྐྱར་ཞིབ་གནང་ཡོད།

ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་བོན་གྲོག་པ་སངས་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབང་ཕྱུག་ལགས། ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་དགེ་རྒན་གཡང་སྒྲོན་བཀྲ་ཤིས་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་དགེ་རྒན་བཀྲ་ཤིས་ལྷ་མོ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་དགེ་རྒན་ཟུར་པ་ངག་དབང་ཚེ་བརྟན་ལགས། སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བསྟན་འཛིན་དབྱངས་སྐྱིད་ལགས། དྷོ་ལན་ཇི་སཾ་བྷོ་ཊ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་ཚེ་རིང་བཀྲ་ཤིས་ལགས། ར་ཇ་པུར་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་བློ་བཟང་དོན་གྲུབ་ལགས། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་དགེ་རྒན་སངས་རྒྱས་མཚམས་གཅོད་ལགས་བཅས་ཡིན།
ཐེངས་འདིའི་ཚོགས་འདུ་ལ་ཌེ་ན་ཊ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།


