
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་བྱིས་སྒྲུང་ཁག་ལྔ་དང་། ཤོག་མཐུག་དཔེ་དེབ་ལྔའི་ཞུ་དག་ཚོགས་འདུ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་འཚོགས་གནང་ཡོད།
དེ་ཡང་རྩོམ་སྒྲིག་པས་དུས་རྒྱུན་ལྟར་ཟླ་ཤས་ནང་བྱིས་སྒྲུང་གསར་རྩོམ་དང་བོད་སྒྱུར་གྲངས་ངེས་ཅན་ཞིག་ལེགས་གྲུབ་ཟིན་ཚེ། ཕྱི་ནང་གི་འབྲེལ་ཡོད་ལས་བྱེད་འགའ་ཤས་གདན་ཞུས་ཀྱིས་བསྐྱར་ཞིབ་དང་ཞུ་དག་གནང་སྲོལ་ལྟར། ད་རེས་བློ་རིག་བཀྲ་བའི་ཨ་མ་ཁྲ་ཐིག་དང་། འབྲོག་ས་ནས་གནས་སྤོ་བ། ནང་སྦྱོང་ལ་མི་དགའ་བའི་བུ་མོ། འགྲོ་བཞིན་འདུག ངོ་མཚར་གྱི་གཏམ་རྒྱུད་ཅིག་བཅས་བྱིས་སྒྲུང་ཁག་ལྔ་དང་། གཟུགས་པོའི་ཆ་ཤས་དང་། ལས་རིགས། ལྡོག་ཕྱོགས། ཐབ་ཆས། སེམས་མྱོང་བཅས་ཤོག་མཐུག་དཔེ་དེབ་ལྔ་བཅས་བྱིས་པའི་དཔེ་དེབ་བཅུའི་བསྐྱར་ཞིབ་དང་ཞུ་དག་ལེགས་གྲུབ་ཟིན་པ་དང་། ཡོང་རྒྱུའི་ཟླ་ཤས་ནང་པར་རིས་ཆ་ཚང་བྲིས་རྗེས་ཇུས་འགོད་ཀྱིས་མཐའ་མའི་ཞུ་དག་དང་བཅས་པར་འགྲེམས་ཞུ་རྒྱུ།

དེ་ཡང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་ཁུར་བ་དགེ་འདུན་དོན་ཡོད་ལགས་དང་། རྩོམ་སྒྲིག་འགན་ཁུར་བ་ངག་དབང་བསྟན་འཛིན་ལགས། བརྡ་ཆད་ཚན་པའི་ལས་བྱེད་ཚེ་རིང་དོན་གྲུབ་ལགས། ཤེས་ཡོན་ཚན་པའི་བྱིས་པའི་ཀློག་རྩལ་ལས་གཞིའི་འབྲེལ་ཡོད་ལས་བྱེད་བསོད་ནམས་གང་བཟང་ལགས། ནོར་བུ་གླིང་ཁ་རིག་གཞུང་གཅེས་སྐྱོང་ཁང་དང་བྱིས་སྒྲུང་རྩོམ་པ་པོ་ཉི་མ་འཚོ་ལགས། རྩོམ་སྒྲིག་པ་ཚེ་རིང་དཔལ་འཛོམས་ལགས་བཅས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་ཞུ་དག་ཚོགས་འདུའི་འགྲོ་གྲོན་གྱི་མཐུན་འགྱུར་ཆ་ཚང་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་ནས་གནང་ཡོད།།
