ཟླ་རེའི་གསར་འགྱུར།

པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་གིས་དྷ་ས་ཁུལ་གྱི་བོད་སློབ་ཁག་ལ་ཚན་རིག་འགྲུལ་བཞུད་ཀྱི་འགྲེམས་སྟོན་ལས་འགུལ་སྤེལ་མུས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་འབྲེལ་མཐུད་འོག་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་ལྷན་ཚོགས་ (National Council of Science Museums) ཀྱི་ཡན་ལག་པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་གིས་དྷ་ས་ཉེ་ཁུལ་གྱི་བོད་མིའི་སློབ་ཁག་ལྔར་ཚན་རིག་འགྲུལ་བཞུད་སྣུམ་འཁོར་བརྒྱུད་སེཊེམ་ཤེས་ཡོན་ལ་གོ་རྟོགས་སྤེལ་བཞིན་པ་དང་།  སློབ་ཁག་རེར་ཉིན་གཉིས་ཀྱི་ལས་འགུལ་འདིའི་འགྲོ་གྲོན་པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་ནས་འགན་ཁུར་གནང་བཞིན་འདུག

དེ་ཡང་ཕྱི་ལོ་ ༢༠༢༦  ཟླ་བ་ ༡  ཚེས་ ༥  ཉིན་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་དང་། པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་གི་འགན་འཛིན་དང་བདག་གཉེར་པ་གཅིག་གཅོག་རཱམ་སྭ་རུབ་ ( Ram Swaroop) ལགས་བསྟི་གནས་ཁང་དུ་ཐུགས་འཕྲད་ཀྱིས།  ཕྱི་ལོ་ ༢༠༢༦  ལོའི་སློབ་ཁག་གི་སེཊེམ་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་རིམ་གྲོས་བསྡུར་སྐབས། འགན་འཛིན་རཱམ་སྭ་རུབ་ལགས་ནས་དྷ་ས་ཁུལ་གྱི་བོད་མིའི་སློབ་ཁག་ནང་རིན་མེད་འགྲུལ་བཞུད་ཤེས་ཡོན་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུའི་ཞལ་བཞེས་གནང་བ་ལ་གཞིར་བཞག་སྟེ་ལས་འགུལ་འདི་སྤེལ་བ་རེད་འདུག

ཕྱི་ཟླ་ ༤ ཚེས་ ༢༤ དང་ ༢༥ ཉིན་སུ་ཇ་བོད་ཁྱིམ་དང་། ཕྱི་ཟླ་ ༤ ཚེས་ ༢༧ དང་ ༢༨ ཉིན་གོ་པལ་པུར་བོད་ཁྱིམ་དུ་འགྲེམས་སྟོན་བསྐོང་ཚོགས་གནང་ཟིན་པ་དང་། མ་འོངས་པར་སློབ་གྲྭའི་ཉིན་རེའི་བྱེད་སྒོའི་གནས་སྟངས་དང་བསྟུན་ནས་མུ་མཐུད་དེ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་སྟེང་བོད་ཁྱིམ། ཅོན་ཏ་ར་བོད་་ཁྱིམ་བཅས་སུ་རིམ་པས་ལས་འགུལ་སྤེལ་འཆར་འདུག་ལ་སློབ་གྲྭའི་ངོས་ནས་སྣེ་ལེན་སོགས་ཀྱི་མཐུན་འགྱུར་བསྐྲུན་རྒྱུ་རེད་འདུག         ལས་རིམ་འདིའི་དམིགས་ཡུལ་གཙོ་བོ་ནི་ལག་ལེན་དངོས་སུ་བཀོལ་སྤྱོད་ཀྱི་ཐབས་ལམ་བརྒྱུད་དེ་སློབ་ཕྲུག་རྣམས་ཀྱིས་སེཊེམ་ཤེས་ཡོན་ལ་སྤྲོ་བ་འཕེལ་ཐབས་དང་། ཚན་རིག་ཤེས་བྱའི་རྨོངས་པ་སེལ་རྒྱུ་དང་གོ་རྟོགས་སྤེལ་རྒྱུ།   བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་ཚན་རིག་ཤེས་བྱའི་སྦྱངས་འདོད་ཀྱི་བློ་ངོ་འབྱེད་ཐབས་བཅས་དང་། ཞུགས་གནས་དང་ཞལ་ལག་སོགས་ཀྱིི་མཐུན་འགྱུར་སློབ་ཁག་སོ་སོ་ནས་གནང་བཞིན་འདུག

སྤེལ་ཟིན་པའི་སློབ་ཁག་ནང་རཱམ་སྭ་རུབ་ལགས་ཚན་རིག་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་དང་། ཁོང་གིས་ཚན་རིག་ཤེས་བྱར་དོ་སྣང་གིས་ལག་ལེན་དངོས་སུ་བཀོལ་སྤྱོད་ཀྱིས་གསར་གཏོད་ཀྱི་ལམ་བུར་ཞུགས་དགོས་པ་སོགས་ཀྱི་གསུང་བཤད་གནང་། འགྲེམས་སྟོན་སྐབས་པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་གི་འགྲེམས་གཟུགས་བཟོ་སྒྲིག་ཚོགས་ཆུང་གི་འབྲེལ་མཐུད་པས་འགྲེམས་གཟུགས་རྣམས་ཀྱི་བྱེད་ལས་སོགས་སློབ་ཕྲུག་རྣམས་ལ་འགྲེལ་བརྗོད་གནང་སྟེ་སློབ་ཕྲུག་རྣམས་ཀྱི་ཚན་རིག་སྦྱང་འདོད་ལ་བསྐུལ་མ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་སུ་ཇ་སློབ་གྲྭའི་སློབ་སྤྱི་དང་།    དེ་བཞིན་གོ་པལ་པུར་སློབ་གྲྭའི་དགེ་ཆེ་ནས་ཐུགས་རྗེ་ཆེའི་ཕྱག་རྟགས་ཀྱང་གནང་འདུག


སྔོན་མ།
ཤེས་རིག་དཔེ་དེབ་བཅུ་ཞུ་དག་ལེགས་གྲུབ་ཟིན་པ།