ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་སློབ་ཁག་ཏུ་ཡོངས་ཚུད་ཤེས་ཡོན་ཐོག་ཟབ་སྦྱོང་ཕུལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༤ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སློབ་གསོ་བ་བསྟན་འཛིན་དཔལ་སྒྲོན་ལགས་དང་། ངག་སྐྱོན་དམིགས་བསལ་ཁྱད་ལས་པ་བསྟན་འཛིན་སྐལ་ལྡན་ལགས་རྣམ་གཉིས་ཀྱིས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་བོད་སློབ་ཁག་ཏུ་སྐོར་སྐྱོད་དང་ཟབ་སྦྱོང་རིམ་པ་ཁག་གནང་ཡོད།

ལས་གཞི་འདི་ནི་སློབ་ཕྲུག་ཁྲོད་སློབ་གསོའི་རྒྱབ་སྐྱོར་འཕར་མ་དགོས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་སྐབས་དེ་དག་གདོང་ལེན་དང་། སྔ་དུས་ནས་ངོས་འཛིན། དེ་བཞིན་སྔོན་འགོག་བྱ་རྒྱུ་བཅས་ལ་དམིགས་ཡོད། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ནས་སཾ་བྷོ་ཊ་ཏི་ཛུ་དང་། སཾ་བྷོ་ཊ་མེའོ། སཾ་བྷོ་ཊ་ཤི་ལོང་། སཾ་བྷོ་ཊ་བསྟན་འཛིན་སྒང་བཅས་སུ་ཕེབས་ཏེ་ངག་སྐྱོན་ཅན་གྱི་སློབ་ཕྲུག་ཚོར་དཔྱད་ཞིབ་གནང་ཡོད།

སྐོར་སྐྱོད་རིང་སློབ་གྲྭའི་དགེ་རྒན་རྣམས་ལ་ངག་སྐྱོན་ཡོད་པའི་སློབ་ཕྲུག་ངོས་འཛིན་བྱ་རྒྱུའི་གལ་གནད་དང་། འཛིན་ཁང་དུ་ངག་སྐྱོན་ཅན་གྱི་སློབ་ཕྲུག་རྣམས་ལ་རྒྱབ་སྐྱོར་བྱེད་པའི་ལག་ལེན་ཐབས་བྱུས་སྐོར་ལ་ཟབ་སྦྱོང་གནང་ཡོད། ཟབ་སྦྱོང་དེ་དག་གིས་ཡོངས་ཚུད་སློབ་ཁྲིད་གནང་ཕྱོགས་དང་། སློབ་ཕྲུག་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་པར་དགེ་རྒན་གྱི་ལས་འགན་སྐོར་གསལ་སྟོན་གནང་ཡོད།

ཕྲུ་གུ་ཞིག་གི་འཚར་ལོངས་ནི་འཛིན་ཁང་ཁོ་ན་ནང་མ་ཡིན་པས་ཕ་མ་རྣམས་ལའང་ཟབ་སྦྱོང་གོ་སྒྲིག་གནང་ཞིང་། དེའི་ཐོག་ཕ་མ་རྣམས་ལ་དྲན་ཤེས་ཅན་གྱི་གསོ་སྐྱོང་དང་། ཕྲུ་གུའི་འཚར་ལོངས་དང་འཕེལ་རྒྱས་ཤེས་རྟོགས། དེ་བཞིན་དབང་རྩའི་ཁྱད་པར་དང་ངག་སྐྱོན་གྱི་དཀའ་ངལ་སྐོར་གོ་རྟོགས་སྤེལ་ཡོད། སྐབས་དེར་ཕ་མ་ཚོར་ཕྲུ་གུའི་ཤེས་ཡོན་གྱི་བརྒྱུད་རིམ་ནང་མཉམ་ཞུགས་གནང་དགོས་གལ་དང་། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དང་། ཤུགས་རྐྱེན་ཆེ་ཤས་དེ་ཡིན་པ་ནན་སྐུལ་གནང་།

ཟབ་ཁྲིད་པ་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུའི་སྤྱི་ཡོངས་ཀྱི་ཡར་རྒྱས་སླད་སློབ་གྲྭ་དང་ཁྱིམ་ཚང་དབར་མཉམ་ལས་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད། ཟབ་སྦྱོང་དེར་དགེ་རྒན་དང་ཕ་མ་རྣམས་ཀྱི་བསྔགས་བརྗོད་དང་དགོངས་འཆར་བཟང་པོ་ཐོབ་ཡོད་པ་དང་། ཟབ་སྦྱོང་དེ་དག་ནི་ཡོངས་ཚུད་ཤེས་ཡོན་སྲ་བརྟན་བཟོ་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་རེད།

ཤེས་རིག་ལས་ཁུངས་ཀྱི་ལས་གཞི་དེ་བཞིན་ཌེ་ནི་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།


སྔོན་མ།
པཱ་ལམ་པུར་ཚན་རིག་བསྟི་གནས་ཁང་གིས་དྷ་ས་ཁུལ་གྱི་བོད་སློབ་ཁག་ལ་ཚན་རིག་འགྲུལ་བཞུད་ཀྱི་འགྲེམས་སྟོན་ལས་འགུལ་སྤེལ་མུས།