ཟླ་རེའི་གསར་འགྱུར།

བོད་མིའི་སློབ་གྲྭ་ཁག་གིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་མུ་མཐུད་ལེགས་པོ་ཐོབ་པ།

༄༅། །རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས་ཕྱི་ལོ་ ༢༠༢༦ ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༣ ཉིན་གསལ་བསྒྲགས་སྤེལ་ཡོད།

ཐེངས་འདིའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ (AISSCE) དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༧ ནས་ཟླ་བ་ ༤ ཚེས་ ༡༠ བར་འཚོགས་ཤིང་། རྒྱ་གར་ནང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༡༣ ནས་ཁྱོན་སློབ་ཕྲུག་ ༩༡༨ མཉམ་ཞུགས་གནང་ཞིང་། སློབ་གྲྭ་ ༧ གྱིས་བརྒྱ་ཆ་ ༡༠༠ ཐམ་པ་ཡིག་རྒྱུགས་འཕྲོད་པ་དང་། སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༨.༥༨ ཡིན་པས་དེས་སློབ་ཕྲུག་ཚོས་ལོ་ངོ་ཧྲིལ་པོར་ཧུར་བརྩོན་བྱས་པ་མཚོན་གྱི་ཡོད།

གཞན་ཡང་དེ་སྔོན་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༡༥ ཉིན་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༧ ནས་ཟླ་བ་ ༣ ཚེས་ ༡༡ བར་འཚོགས་པའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ (AISSE) ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༢ ནས་ཁྱོན་སློབ་ཕྲུག་ ༡,༠༠༥ མཉམ་ཞུགས་བྱས་ཡོད། དེ་དག་ལས་སློབ་གྲྭ་ ༡༤ ཡིས་བརྒྱ་ཆ་ ༡༠༠ ཐམ་པ་ཡིག་རྒྱུགས་འཕྲོད་པ་དང་། སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༧.༧༡ ཡིན་པས་དེས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་སྤུས་ཚད་ཡར་རྒྱས་འགྲོ་བཞིན་པ་གསལ་པོར་བསྟན་ཡོད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ད་ལན་གྱི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་ཕུལ་བྱུང་ཐོབ་མཁན་གྱི་སློབ་མ་ཡོངས་དང་། དགེ་རྒན། ཕ་མ། དེ་བཞིན་སློབ་གྲྭའི་འཛིན་སྐྱོང་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་བསྔགས་བརྗོད་ཞུ་བཞིན་ཡོད། དམིགས་བསལ་གྱི་གྲུབ་འབྲས་འདི་དག་ནི་ལོ་འཁོར་གཅིག་གི་རིང་ཚང་མས་མཉམ་རུབ་ཀྱིས་ཧུར་བརྩོན་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན་ལ། ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་ཡོངས་ལ་མ་འོངས་པར་ཡང་མུ་མཐུད་དེ་ཤེས་ཡོན་གྱི་ལམ་བུར་འབད་བརྩོན་གནང་དགོས་པའི་རེ་སྐུལ་དང་སྐུལ་ལྕག་ཞུ་བཞིན་ཡོད། །


སྔོན་མ།
ཕྱི་ལོ་ ༢༠༢༦ ལོའི་ཤེས་རིག་ལོ་འཁོར་སློབ་ཡོན་དང་ཟུར་བཅད་ས་མིག་གསལ་བསྒྲགས།