ཟླ་རེའི་གསར་འགྱུར།

བོད་རིགས་ཡུ་ཊུབ་བརྙན་བཟོ་བ་དང་ལྷན་དུ་ཐ་སྙད་གཏན་འབེབས་ཞུ་ཕྱོགས་དང་འབྲེལ་བའི་དྲྭ་ཐོག་ཚོགས་འདུ་བསྐོང་ཚོགས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་འོག་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་རིགས་ཡུ་ཊུབ་བརྙན་བཟོ་བ་དང་ལྷན་གུ་གལ་དྲྭ་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་ལྟར། བོད་རིགས་ཡུ་ཊུབ་བརྙན་བཟོ་བ་བཅོ་བརྒྱད་མཉམ་ཞུགས་ཐུབ་པ་བྱུང་ཡོད།

དེ་ཡང་ཚོགས་འདུའི་ཐོག་མར་ཤེས་རིག་བརྡ་ཆད་ཚན་པའི་འབྲེལ་ལས་ཚེ་རིང་དོན་གྲུབ་ལགས་ནས་ཚོགས་ཞུགས་པ་རྣམས་ལ་འཚམས་འདྲི་དང་སྦྲགས། དྲྭ་ཐོག་ཚོགས་འདུ་བསྐོང་ཚོགས་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་རྗེས་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་བརྡ་ཆད་ཚན་པའི་ལས་དོན་བྱེད་ཕྱོགས་སྤྱི་དང་། ལྷག་པར་ཐ་སྙད་གཏན་འབེབས་གནང་ཕྱོགས་ཀྱི་བརྒྱུད་རིམ། གཏན་འབེབས་ཟིན་པའི་ཐ་སྙད་རྣམས་ཁྱབ་སྤེལ་གྱི་ལས་གཞི་ཇི་སྤེལ་ཁག་ངོ་སྤྲོད་དང་སྦྲགས། དེང་གི་ཆར་ཡུ་ཊུབ་ནི་སྤྱི་ཚོགས་ནང་ཁྱབ་རྒྱ་ཆེ་ཤོས་ཀྱི་བརྒྱུད་ལམ་ཞིག་ཆགས་ཡོད་སྟབས། བོད་རིགས་ཡུ་ཊུབ་བརྙན་བཟོ་བ་རྣམས་ཀྱིས་བོད་སྐད་ཐོག་བཀའ་མོལ་གནང་སྐབས་བོད་མི་སྤྱི་དང་ལྷག་པར་བོད་རིགས་གཞོན་སྐྱེས་སྟོང་ཕྲག་མང་པོས་གསན་གཟིགས་གནང་བཞིན་ཡོད་སྟབས། བོད་སྐད་བོད་ཡིག་གི་འཕེལ་འགྲིབ་ལའང་ཤུགས་རྐྱེན་ཅི་ཞིག་ཡོད་ངེས་པས། ཡུ་ཊུབ་བརྙན་བཟོ་བ་རྣམས་ལ་བོད་སྐད་ཐ་སྙད་དགོས་མཁོ་ཇི་མཆིས་ཤེས་རིག་བརྡ་ཆད་ཚན་པའི་ངོས་ནས་མཐུན་འགྱུར་ཞུ་ཕྱོགས་ལམ་སྟོན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཐ་སྙད་རྣམས་བཀོལ་སྤྱོད་དང་ཁྱབ་སྤེལ་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད།

མཐར་བོད་རིགས་ཡུ་ཊུབ་བརྙན་བཟོ་བ་རྣམས་ནས་གཏན་འབེབས་ཟིན་པའི་ཐ་སྙད་རྣམས་ཀྱི་ཐོག་དགོངས་འཆར་དང་དོགས་འདྲི་ཕེབས་ཁག་ལ་ལན་འདེབས་གསལ་བཤད་དང་། ལྷག་པར་ཕན་ཚུན་དབར་ཐ་སྙད་མཐུན་འགྱུར་དང་ཁྱབ་སྤེལ་ཞུ་ཕྱོགས་ཐད་གོ་བསྡུར་ལྷུག་པོར་བྱུང་བ་ཙམ་དུ་མ་ཟད། ཚོགས་ཐོག་ཏུ་ཕེབས་པའི་ཡུ་ཊུབ་བརྙན་བཟོ་བ་རྣམས་ཀྱིས་རང་མི་རིགས་ཀྱི་བོད་སྐད་བོད་ཡིག་སྲུང་སྐྱོབ་དང་དར་འཕེལ་སླད་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཐ་སྙད་རྣམས་བཀོལ་སྤྱོད་དང་ཁྱབ་སྤེལ་གཏོང་རྒྱུར་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུངས་གནང་ཡོད་པ་བཅས། །


སྔོན་མ།
བོད་མིའི་སློབ་གྲྭ་ཁག་གིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་མུ་མཐུད་ལེགས་པོ་ཐོབ་པ།