ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་ཉིན་གསུམ་རིང་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༣༠ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་བདེ་སྲུང་ཁྱབ་ཁོངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་ཉིན་གསུམ་རིང་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས།  ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས། དེ་བཞིན་བོད་པའི་སློབ་གྲྭ་ཁག་ ༡༩ ནས་ཕེབས་པའི་སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ། དགེ་ཆེ་ཕྱག་རོགས། དགེ་རྒན། དྷ་ས་ཉེ་འཁྲིས་ཀྱི་སཱི་ཤེས་ཡོན་མཐུན་སྦྱོར་བ། ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༣༩ བཅས་ཚང་འཛོམས་གནང་ཡོད།

ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཟབ་སྦྱོང་གི་ངོ་སྤྲོད་དང་འབྲེལ། འདས་པའི་ལོ་ངོའི་ནང་སྤྱི་ཚོགས་དང་། སློབ་གྲྭ་ཁྲོད་སཱི་ཤེས་ཡོན་ཐོག་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་དེ་བཞིན་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ནས་མཐུན་འགྱུར་གནང་ཞིང་། དེར་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། དགེ་ཆེ་ཕྱག་རོགས་བཅས་ལ་གཙོ་བོར་དམིགས་ཏེ་ཚོགས་གནང་བ་ཡིན་པ་ངོ་སྤྲོད་གནང་། དེ་བཞིན་སཱི་ཤེས་ཡོན་གྱི་མཐུན་སྦྱོར་བ་རྣམས་ནས་རང་ཉིད་ཉམས་ལེན་ཡོད་པའི་སྒོ་ནས་སློབ་ཕྲུག་ཚོར་ཁ་ཡོད་ལག་ཡོད་ཀྱི་དམིགས་དཔེ་བཟང་པོ་ཞིག་བསྐྲུན་དགོས་པའི་འབོད་གནང་ཡོད།

དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སཱི་ཤེས་ཡོན་གྱི་ལས་གཞི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་ཆེ་བའི་དགོངས་པ་ཡིན་ཞིང་། སཱི་ཤེས་ཡོན་ནི་དེང་རབས་ཀྱི་ཤེས་ཡོན་དང་ལྷན་དུ་དགོས་ངེས་ཀྱི་ཤེས་ཡོན་ཞིག་ཡིན་པ་མ་ཟད། ལྷག་པར་དེང་དུས་འཛམ་གླིང་ནང་སེམས་ཁམས་ཀྱི་ན་ཚ་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་སུ་སློབ་གྲྭ་དང་སྒྲིག་འཛུགས་ཁག་ཏུ་སཱི་ཤེས་ཡོན་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསུངས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སཱི་ཤེས་ཡོན་ནི། དུས་རྒྱུན་དུ་གལ་འགངས་བརྩི་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་མགྲོན་རྣམ་ལའང་སོ་སོའི་རྒྱལ་ཁབ་ཁག་ཏུ་སཱི་ཤེས་ཡོན་གྱི་བསླབ་གཞི་འཇོག་དགོས་གལ་སྐོར་ནན་བརྗོད་གནང་གི་ཡོད་པ་གསུངས།

སཱི་ཤེས་ཡོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པ་ཡིན་པ་གང་ཞིག སྔར་སློབ་གྲྭ་ཁག་ཏུ་སྤྱི་ཚོགས་དང་སེམས་མྱོང་སོགས་ལ་དམིགས་པའི་བསླབ་གཞི་ཡོད་ཀྱང་བཟང་སྤྱོད་ཀྱི་བསླབ་གཞི་མེད་པས་མགོན་པོ་མཆོག་གིས་འཇིག་རྟེན་ཀུན་ལ་ཁྱབ་ཀྱི་དགོངས་པ་དེ་བཞེས་གནང་བ་ཡིན་པ་དང་། སཱི་ཤེས་ཡོན་ནི་ཆོས་ལུགས་དང་། མི་རིགས། རིག་གཞུང་གང་ཅི་ལ་མ་ལྟོས་པར་ཚང་མར་དགོས་གལ་ཆེ་བ་ཡིན་པ་འགྲེལ་བརྗོད་གནང་།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སཱི་ཤེས་ཡོན་འདི་སློབ་ཚན་བྱེ་བྲག་པ་ཁོ་ན་ཞིག་མིན་པར་རྒྱུན་ལྡན་བསམ་བློ་གཏོང་དགོས་པ་ཞིག་དང་། འཚོ་བའི་ཁྲོད་ལག་ཆ་ལྟ་བུ་སྤྱི་ཡོངས་ཀྱི་ཤེས་ཡོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། ང་ཚོའི་ངོས་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་མ་འོངས་པའི་མི་རབས་གསར་པ་དང་། མི་རིགས་གཞན་ལ་ཁྱབ་སྤེལ་དང་བརྒྱུད་སྤེལ་བྱ་རྒྱུ་ཐོག་འབད་བརྩོན་གནང་དགོས་པ་གསུངས།

ཁོང་གིས་ཤེས་རིག་ལས་ཁུངས་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དབར་གྱི་ཡུན་རིང་མཉམ་ལས་དང་། ལྷག་པར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་དང་། རྒན་བརྩོན་འགྲུས་བསམ་འཕེལ་ལགས་རྣམ་གཉིས་ཀྱིས་བོད་པའི་སྤྱི་ཚོགས་ནང་སཱི་ཤེས་ཡོན་གྱི་ལས་གཞི་གོང་འཕེལ་དང་། ལམ་སྟོན་གནང་བ་མ་ཟད། དེ་དང་མཐུན་པའི་གྲུབ་འབྲས་གང་ལེགས་ཐོན་ཡོད་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད།

མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭའི་འགོ་ཁྲིད་ངོས་ནས་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་དགོས་པ་དང་། ཕྲུ་གུའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འགན་འཁྲི་ཆེན་པོ་ཡོད་པ་ནན་བརྗོད་ཀྱིས་མཐུན་སྦྱོར་བ་རྣམས་ནས་སཱི་ཤེས་ཡོན་གྱི་སློབ་གསོ་དེ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཙམ་དུ་མིན་པར་རྒྱུན་ལྡན་དུ་ལག་བསྟར་གནང་དགོས་པའི་སྐུལ་འདེད་གནང་ཡོད།

དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཀརྨ་བདེ་སྐྱིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད།

ཐེངས་འདིའི་ཟབ་སྦྱོང་ནི་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་གནང་བ་ཞིག་ཡིན་པ་དང་། ཉིན་གསུམ་རིང་གི་ཟབ་སྦྱོང་ཐོག་སཱི་ཤེས་ཡོན་སློབ་གསོའི་གལ་གནད་དང་། སྒྲོམ་གཞི། སོར་ཆུད་ནུས་པ་གོང་འཕེལ་གཏོང་ཐབས། སེམས་མྱོང་ཚོད་འཛིན་དང་ཡིད་བྱེད་སྦྱོང་བརྡར། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས། སློབ་གྲྭའི་ནང་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་དོན་ཇི་གནང་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་པ་བཅས།།


སྔོན་མ།
བོད་རིགས་ཡུ་ཊུབ་བརྙན་བཟོ་བ་དང་ལྷན་དུ་ཐ་སྙད་གཏན་འབེབས་ཞུ་ཕྱོགས་དང་འབྲེལ་བའི་དྲྭ་ཐོག་ཚོགས་འདུ་བསྐོང་ཚོགས།