ཟླ་རེའི་གསར་འགྱུར།

སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་མཇུག་སྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། རྒྱལ་ཁབ་མི་འདྲ་བ་ ༡༧ ནས་མཉམ་ཞུགས་པ་ ༢༨༠ དང་། རྒྱལ་ཁབ་ཁག་ ༡༡ གི་ཚོགས་པའི་སྐུ་ཚབ། དགོན་སྡེ་ཁག་གི་དགེ་རྒན་དང་རྒྱལ་སྤྱིའི་ཚན་རིག་པ་བཅས་ཨེ་མོ་རི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ལྟེ་གནས་ཁང་དང་། ཏཱ་ལའི་བླ་མ་དགེ་རྩ་ཟུང་འབྲེལ་གྱིས་མཐུན་འགྱུར་དང་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་སྙིང་རྗེ་གོང་སྤེལ་ཐོག་བགྲོ་གླེང་ཚོགས་འདུ་ལ། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་སློབ་ཁག་ ༡༩ ནས་སློབ་གྲྭའི་སློབ་སྤྱི་དང་། རེག་ཊར། དགེ་ཆེ་དང་། དགེ་ཆེ་ཕྱག་རོགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན། དྷ་སའི་ཉེ་འཁྲིས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་དང་ལྟ་གྲུབ་དགེ་རྒན། ཟུར་ཉན་པ་བཅས་ཁྱོན་ ༣༩ བཅས་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༢༩ ཉིན་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་པདྨ་ལགས་ནས་བོད་པའི་སློབ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོའི་ལག་བསྟར་དང་འབྲེལ་བའི་གསུང་བཤད་གནང་ཡོད།

དེ་ཡང་ཕྱི་ཟླ་ ༥ ཚེས་ ༣༠ ནས་ཟླ་ ༦ ཚེས་ ༡ བར་ཉིན་གསུམ་རིང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཤིང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས་ནས་སཱི་ཤེས་ཡོན་སློབ་གསོའི་གལ་གནད་དང་། སྒྲོམ་གཞི། སོར་ཆུད་ནུས་པ་གོང་འཕེལ་གཏོང་ཐབས། སེམས་མྱོང་ཚོད་འཛིན་དང་ཡིད་བྱེད་སྦྱོང་བརྡར། རྟེན་འབྲེལ་དང་་མ་ལག་གི་བསམ་བློ། དགོངས་ཡངས་དང་བཟོད་པ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྲུན་ཐབས་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་བ་དང་། མཇུག་བསྡོམས་སྐབས་སུ་རྒན་བརྩོན་འགྲུས་བསམ་འཕེལ་ལགས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཐུགས་ཁུར་ཆེ་བཞེས་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། སཱི་ཤེས་ཡོན་སློབ་གསོ་གཉིས་རང་རེ་བོད་པའི་སློབ་གྲྭ་ཁག་ཏུ་གོ་རྟོགས་དང་ལག་བསྟར་ཁྱབ་སྤེལ་འགྲོ་བཞིན་ཡོད་པ་དང་། རང་རེ་བོད་པའི་སློབ་གྲྭ་ཁག་ཏུ་མུ་མཐུད་ནས་སཱི་ཤེས་ཡོན་སློབ་གསོའི་ལས་གཞི་ཐོག་ཤུགས་སྣོན་བརྒྱབ་སྟེ་མིག་དཔེ་བཟང་པོ་བསྐྲུན་དགོས་རྒྱུ་ཧ་ཅང་གལ་འགངས་ཡིན་པར་གསུངས། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་མཆོག་ནས་ཀྱང་རང་རེ་བོད་པའི་སློབ་གྲྭ་ཁག་ཏུ་ཁ་ཡོད་ལག་ཡོད་ལས་གཞི་དེ་དག་སྤེལ་ནས་དགེ་རྒན་ལས་བྱེད་ཀྱི་སེམས་ཁམས་འཕྲོད་བསྟེན་ཡར་རྒྱས་གོང་སྤེལ་གཏང་རྒྱུ་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་བྱམས་སྙིང་རྗེའི་ཐོག་ནས་གསོ་སྐྱོང་དང་ཤེས་ཡོན་སྤྲོད་དགོས་པ། དེའང་སློབ་གྲྭའི་ནང་ལག་བསྟར་གནང་བཞིན་པའི་དགེ་རྒན་ཁྱད་ལས་ཡར་རྒྱས་ལས་གཞིའི་ཁོངས་སུ་སཱི་ཤེས་ཡོན་སློབ་གསོ་བཞག་གནང་ནས་དགེ་རྒན་ཚོ་ལ་ལྗགས་ཀློག་གིས་གོ་བསྡུར་སྦྱངས་བཤད་དང་རིམ་པས་རྒྱུད་ལ་འཇགས་ཐབས་གནང་ནས་སློབ་ཕྲུག་ཚོར་མིག་དཔེ་ལྡན་པའི་ཐོག་ནས་བཟང་སྤྱོད་སློབ་གནང་རྒྱུ་སོགས་རེ་སྐུལ་ཞུས་པ་དང་། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཚེ་རིང་དཔལ་འཛོམས་ལགས་ནས་ཐུགས་རྗེ་ཆེའི་ཞུས་སྟེ་ཟབ་སྦྱོང་ཡོངས་སུ་མཇུག་སྒྲིལ་གནང་།

ཐེངས་འདིའི་ཟབ་སྦྱོང་ལ་ཌེ་ནི་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བ་དང་། ཟབ་སྦྱོང་བའི་ལམ་གྲོན་ཏཱ་ལའི་བླ་མའི་དགེ་རྩས་གནང་བ་བཅས། །


སྔོན་མ།
ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་ཉིན་གསུམ་རིང་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གོ་སྒྲིག་གནང་བ།