
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༡ ནས་ ༡༣ བཅས་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་དབྱར་ཁའི་ཉམས་གསོག་ཟབ་སྦྱོང་ནང་ཉམས་ཞུགས་གནང་མཁན་མཐོ་སློབ་ཁག་གི་སློབ་ཕྲུག་ཡོངས་ལ་རྒྱུས་མངའ་ལམ་སྟོན་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་དང་། དབྱར་ཁའི་ཉམས་གསོག་ཟབ་སྦྱོང་ལས་གཞིའི་སློབ་སྟོན་པ་ཨ་དི་ཏྱ་སུ་བྷྲ་མ་ཎི་ཡམ་ (Aditya Subramanium) ལགས་ཕེབས་ཞུགས་གནང་ཡོད།
ལས་གཞིའི་དམིགས་ཡུལ་ནི་སློབ་ཕྲུག་རྣམས་ལ་ཉམས་གསོག་ལམ་ལྷོང་ཡོང་བར་མཁོ་བའི་ཤེས་ཡོན་དང་། སྒྱུ་རྩལ། དེ་བཞིན་ཆེད་ལས་ཀྱི་གོ་རྟོགས་བཅས་སྤྲོད་རྒྱུ་དེ་ཡིན། ཉིན་གསུམ་རིང་རྒྱུས་མངའ་ལམ་སྟོན་གནང་བའི་སྐབས་མཉམ་ཞུགས་པ་རྣམས་ལ་ལས་ཀའི་ཀུན་སྤྱོད་དང་། ཆེད་ལས་འབྲེལ་ལམ། མདུན་ལམ་ཡར་རྒྱས་བཅས་ཀྱི་ཐོག་སློབ་སྟོན་གནང་རྒྱུ་ཡིན་པ་དང་།

ཉིན་གྲངས་གསུམ་རིང་གི་རྒྱུས་མངའ་ལམ་སྟོན་ལེགས་གྲུབ་ཟིན་རྗེས་སློབ་ཕྲུག་རྣམས་ཚོགས་པ་དང་ལས་རིགས་འདྲ་མིན་ནང་ཉམས་གསོག་བྱེད་པར་གཏོང་རྒྱུ་ཡིན་པ་རེད། དབྱར་ཁའི་ཉམས་གསོག་ཟབ་སྦྱོང་ལས་གཞིའི་གཞི་རྩའི་དམིགས་ཡུལ་ནི་མཐོ་སློབ་སློབ་མའི་ཤེས་ཡོན་སློབ་སྦྱོང་དང་ཆེད་ལས་ཀྱི་ལག་ལེན་དངོས་ཀྱི་དབར་འབྲེལ་མཐུད་བསྐྲུན་རྒྱུ་དེ་ཡིན་པ་རེད། དེ་ལྟར་སློབ་མ་རྣམས་སྒྲིག་འཛུགས་དང་ཚོགས་པ་འདྲ་མིན་ནང་མཉམ་ཞུགས་བྱས་པ་བརྒྱུད། སློབ་མ་ཚོར་ལས་ཀའི་ཉམས་མྱོང་དངོས་དང་། ལས་ཀའི་ནུས་པ་གོང་མཐོར། དེ་བཞིན་འབྲེལ་ལམ་རྒྱ་བསྐྱེད་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད།
ཟབ་སྦྱོང་ནང་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གཉེར་ཁང་འདྲ་མིན་ནས་ཕེབས་པའི་བོད་པའི་མཐོ་རིམ་སློབ་མ་ཁྱོན་བསྡོམས་ ༡༨ མཉམ་ཞུགས་གནང་ཡོད།
ལས་གཞི་དེ་བཞིན་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་བརྒྱུད་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་པ་བཅས། །




