ཟླ་རེའི་གསར་འགྱུར།

ཀརྨ་ཆོས་དབྱིངས་ལགས་ཀྱིས་ཤེས་རིག་དྲུང་ཆེའི་ལས་ཁུར་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཟུར་པ་འཇིགས་མེད་རྣམ་རྒྱལ་ལགས་དང་། དྲུང་ཆེ་གསར་པ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་ལས་ཁུངས་སུ་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཤེས་རིག་དྲུང་ཆེ་ཟུར་པ་འཇིགས་མེད་རྣམ་རྒྱལ་ལགས། སྤྲོད་དཔང་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲུང་ཆེའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་། ཚན་པ་སོ་སོའི་ཁྱབ་ཁོངས་ལས་བྱེད་རྣམ་པའི་བདག་ཉར་འོག་ཡོད་པའི་ཡིག་སྣོད་དང་འཛིན་ཆས་བཅས་རྩིས་སྤྲོད་རྩིས་ལེན་དང་། ཤེས་རིག་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་འཕྲོ་སྐྱོང་གནང་དགོས་པ་ཁག་ངོ་སྤྲོད་གནང་། དེ་རྗེས་དྲུང་ཆེ་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་གྲུབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ལ་འཚམས་འདྲི་དང་། དྲུང་ཆེ་ཟུར་པ་འཇིགས་མེད་རྣམ་རྒྱལ་ལགས་ལ་ཐུགས་རྗེ་ལེགས་འབུལ་གྱི་མགུལ་དར་ཕུལ་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད།


སྔོན་མ།
ཤེས་རིག་ལས་ཁུངས་ནས་དབྱར་ཁའི་ཉམས་གསོག་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམས་ལ་ཉིན་གྲངས་གསུམ་རིང་རྒྱུས་མངའ་ལམ་སྟོན་གནང་བ།