
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་དྷ་ས་ཉེ་འདབས་ཀྱི་བོད་པའི་སློབ་གྲྭ་ཁག་ཏུ་གཟིགས་སྐོར་ཕེབས་འགོ་བཙུགས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་། ཕྱི་ཟླ་ ༠༩ ཚེས་ ༠༡ ཉིན་གྷོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་བཅས་སུ་འཚམས་གཟིགས་གནང་ཡོད།
དེ་ཡང་ཤེས་རིག་བཀའ་བློན་མཆོག་དང་ཤེས་རིག་དྲུང་ཆེ་རྣམ་གཉིས་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་ངེས་སྟོན་པ་དང་། སློབ་སྤྱི། དགེ་ཆེ། དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུ་ཞུས་གྲུབ་བསྟུན་བཀའ་བློན་མཆོག་གིས་འཛིན་ཁང་དང་། བོད་ཀྱི་སྐད་ཡིག་ཁང་། ཨང་རྩིས་ཁང་། གློག་ཀླད་ཁང་། དཔེ་མཛོད། སློབ་ཕྲུག་སྡོད་ཁང་། འཛིན་སྐྱོང་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་། ཁོང་གིས་ཐོག་མར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་ཐོག་ནན་བརྗོད་གནང་ཞིང་། ཤེས་ཡོན་སྲིད་བྱུས་ནི་བོད་མིའི་ཤེས་ཡོན་ལམ་ལུགས་ཀྱི་རྨང་གཞི་ལྟ་བུ་ཡིན་ཞེས་དང་། སྲིད་བྱུས་འདི་ནི་བོད་ཀྱི་སྲོལ་རྒྱུན་རིན་ཐང་དང་། དེང་རབས་ཤེས་ཡོན་ལག་ལེན་གཉིས་ཟུང་འབྲེལ་གྱི་ཤེས་ཡོན་ཞིག་སྤྲོད་ཐབས་ཡིན་པ་གསུངས། གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་ཡང་ཚོགས་འདུ་དང་བགྲོ་གླེང་རིམ་པ་མང་པོའི་བརྒྱུད་མཐར་ཕྱི་ལོ་ ༢༠༠༤ ལོར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཡོད་པ་འགྲེལ་བརྗོད་གནང་།

དེ་ནས་བཀའ་བློན་མཆོག་གིས་འཕྲོད་བསྟེན་དང་སྒེར་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱ་རྒྱུའི་ཐོག་ནན་བརྗོད་གནང་བ་དང་། འཕྲོད་བསྟེན་ལྡན་པའི་འཚོ་བའི་གོམས་གཤིས་འཇགས་ཐབས་སུ་ཟས་བཅུད་ལྡན་པའི་ཟས་དང་ཤིང་ཏོག་སོགས་མཆོད་དགོས་པའི་སྐུལ་མ་གནང་། དེ་བཞིན་ཁོང་གིས་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་སྲུང་སྐྱོབ་དང་ལྷན་དུ་འགྲོ་བ་མིའི་རིན་ཐང་དང་། ཡ་རབས་བཟང་སྤྱོད་རྒྱུན་འཁྱོངས་གནང་དགོས་པ་དང་འབྲེལ། སློབ་ཕྲུག་ཚོས་དགེ་རྒན་དང་། ལས་བྱེད་རྣམས་ལ་གུས་བརྩི་དགོས་པ་དང་། སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་སྐྱེད་སྲིང་བྱེད་དགོས་པ། དེ་བཞིན་དཔྱད་ཞིབ་ཀྱི་བསམ་བློ་ལྡན་པའི་ཐོག་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་ལམ་སྟོན་གནང་།
དེ་མཚུངས་སློབ་ཕྲུག་ཚོས་སློབ་གྲྭའི་མཐུན་རྐྱེན་རྣམས་ལོངས་སུ་སྤྱོད་དགོས་པ་དང་། ལྷག་པར་དཔེ་མཛོད་ཁང་དང་བོད་ཀྱི་སྐད་ཡིག་ཁང་བཅས་སུ་ཕེབས་ཏེ་རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་དང་། བོད་ཀྱི་སྐད་ཡིག་གི་ཚད་གཞི་མཐོ་རུ་གཏོང་དགོས་པའི་ནན་སྐུལ་གནང་། དེ་ནས་བཀའ་བློན་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་འགྲེལ་བརྗོད་གནང་སྟེ་ཁྲིམས་ཡིག་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་ཚུད་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ཕྱོགས་ཀྱི་ལམ་སྲོལ་བཅས་རྩ་གཏོར་གཏོང་རྒྱུ་ཡིན་སྟབས་བཙན་བྱོལ་དུ་སློབ་ཕྲུག་ཚོར་སོ་སོའི་སྐད་ཡིག་དང་། རིག་གཞུང་བཅས་སྲུང་སྐྱོབ་ཐོག་ལས་འགན་གལ་ཆེན་ཞིག་ཡོད་པ་གསུངས།།






























