ཟླ་རེའི་གསར་འགྱུར།

དགེ་སློབ་རྩོམ་འབྲི་ཐེངས་དགུ་པའི་གསལ་བསྒྲགས།

༄༅། །དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་དང་། ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཆེད་རང་རང་གི་ཉམས་མྱོང་ལས་བྱུང་བའི་ལེགས་ཆ་དང་། འབྲི་རྩལ་ཡར་རྒྱས་ཆེད་རྩོམ་ཡིག་སྣ་མང་འབྲི་བའི་ལས་རིམ་ཞིག་དང་། དེ་བཞིན་སློབ་ཕྲུག་(འཛིན་རིམ་༣-༡༢) རྣམས་རྩོམ་ཡིག་འབྲི་ཀློག་ལ་སྐུལ་ལྕག་ཐེབས་ཕྱིར་རྩོམ་འབྲིའི་ལས་རིམ་ཐེངས་དགུ་པར་དཔེ་དེབ་བཀླགས་པའི་ཟིན་ཐོ་འབྲི་བའི་ལས་རིམ་ཞིག་སྤེལ་རྒྱུ་ཡིན་ན། དགེ་རྒན་དང་སློབ་ཕྲུག་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་དང་། འདི་གར་འབྱོར་བའི་དཔེ་དེབ་བཀླགས་པའི་ཟིན་ཐོའི་ནང་ནས་དགེ་རྒན་གྱི་ཟིན་ཐོ་ལེགས་གྲས་ ༡༥ དང་། སློབ་ཕྲུག་གི་རྩོམ་ཡིག་ལེགས་གྲས་ ༤༥ (འཛིན་རིམ་ ༣-༥ པའི་རྩོམ་ཡིག་ ༡༥ དང་། འཛིན་རིམ་ ༦-༨ པའི་རྩོམ་ཡིག་ ༡༣ ། འཛིན་རིམ་ ༩-༡༢ བར་གྱི་རྩོམ་ཡིག་ ༡༧) འདེམས་སྒྲུག་གིས་ལས་ཁུངས་ཀྱི་གཏན་འབེབས་སྒྲིག་གཞི་གཞིར་བཟུང་སྟོང་མིན་ཙམ་གྱི་རྩོམ་ཡོན་ཕུལ་ཏེ། འདེམས་ཐོན་བྱུང་བའི་ཟིན་ཐོ་རྣམས་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སྟེང་འགོད་སྤེལ་ཞུ་རྒྱུ་ཡིན།

དུས་ཡུན། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༢ ནས་ཟླ་ ༡༡ ཚེས་ ༢༠ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

དཔེ་དེབ་བཀླགས་པའི་ཟིན་ཐོ་འབྲི་སྐབས་གཤམ་གསལ་དོན་གནད་རྣམས་ལ་ཐུགས་སྣང་གནང་དགོས།

  • ༡། རྩོམ་ཡིག་གི་བརྗོད་གཞི།
    ༡.༡ དགེ་རྒན་གྱི་དཔེ་དེབ་བཀླགས་པའི་ཟིན་ཐོ་འབྲི་ཡུལ། བརྩམས་སྒྲུང་དང་། རྒྱལ་རབས། ལོ་རྒྱུས། རྣམ་ཐར་སོགས་གང་རུང་བཀླགས་ཏེ། གཤམ་གསལ་ལྟར་དཔེ་དེབ་བཀླགས་པའི་ཟིན་ཐོ་འགོད་དགོས།
    ཀ དེབ་ཀྱི་རྩོམ་པ་པོ་དང་། རྩོམ་བྱང་ཁ་གསལ་འགོད་དགོས།
    ཁ། དེབ་ཀྱི་ནང་དོན་གནད་བསྡུས་ཡིག་འབྲུ་བདུན་བརྒྱ་ལས་མ་ཉུང་བ་ཞིག་འབྲི་དགོས།
    ག དེབ་ནང་གི་གསོན་ཉམས་ལྡན་པའི་ཚིག་བརྗོད་དམ། གནད་ཚིག་ཉི་ཤུ་ཟུར་འདོན་བྱེད་དགོས།
    ང་། བརྡ་རྙིང་ངམ་ཚིག་གསར། སྔོན་ཆད་མཐོང་ཐོས་མ་བྱུང་བའི་ཚིག་ལ་འགྲེལ་བཤད་བཅས་འབྲི་དགོས།
    ཅ། དེབ་བཀླགས་པའི་རང་ཉིད་ཀྱི་མྱོང་ཚོར་ཡིག་འབྲུ་སུམ་བརྒྱ་ལས་མ་ཉུང་བ་ཞིག་འབྲི་དགོས་པ་བཅས་ཡིན།
    ༡.༢ སློབ་ཕྲུག་གི་དཔེ་དེབ་བཀླགས་པའི་ཟིན་ཐོ་འབྲི་ཡུལ། འཛིན་རིམ་ ༣-༥ བར་གྱི་སློབ་ཕྲུག་གིས་ཉུང་མཐར་བྱིས་སྒྲུང་གསུམ་རེ་བཀླགས་ཏེ། ཀ) དེབ་ཀྱི་ཁ་བྱང་དང་རྩོམ་པ་པོ། ཁ) སྒྲུང་གི་ནང་དོན་སྙིང་བསྡུས། ག) ཚིག་གསར་ཟུར་འདོན་བྱེད་དགོས་པ་དང་། དེ་ལས་མང་བ་བཀླགས་ཡོད་ན་དེ་མཚུངས་ཀྱིས་བརྒྱ་ཆ་སྤྲོད་རྒྱུ། འཛིན་རིམ་ ༦-༨ བར་གྱི་སློབ་ཕྲུག་གིས་ཉུང་མཐར་བྱིས་སྒྲུང་ལྔ་རེ་བཀླགས་ཏེ། ཀ) དེབ་ཀྱི་ཁ་བྱང་དང་རྩོམ་པ་པོ། ཁ) སྒྲུང་གི་ནང་དོན་སྙིང་བསྡུས། ག) ཚིག་གསར་ཟུར་འདོན་བྱེད་དགོས་པ་དང་། དེ་ལས་མང་བ་བཀླགས་ཡོད་ན་དེ་མཚུངས་ཀྱིས་བརྒྱ་ཆ་སྤྲོད་རྒྱུ། འཛིན་རིམ་ ༩-༡༢ བར་གྱི་སློབ་ཕྲུག་གིས་ཉུང་མཐར་བྱིས་སྒྲུང་ལྔ་རེ་བཀླགས་ཏེ། ཀ) དེབ་ཀྱི་ཁ་བྱང་དང་རྩོམ་པ་པོ། ཁ) སྒྲུང་གི་ནང་དོན་སྙིང་བསྡུས། ག) སྒྲུང་དེབ་བཀླགས་པའི་མྱོང་ཚོར། ང) ཚིག་གསར་ཟུར་འདོན་བྱེད་དགོས་པ་དང་། དེ་ལས་མང་བ་བཀླགས་ཡོད་ན་དེ་མཚུངས་ཀྱིས་བརྒྱ་ཆ་སྤྲོད་རྒྱུ། (བོད་དགེ་རྣམ་པས་ཁུར་དུ་བཞེས་ཏེ། སློབ་ཕྲུག་ཚོར་དཔེ་དེབ་བཀླགས་པའི་ཟིན་ཐོ་འབྲི་བར་ལམ་སྟོན་བྱེད་དགོས)
    ༢། སྐད་ཡིག་བོད་ཡིག་དང་། དཔེ་དེབ་བཀླགས་པའི་ཟིན་ཐོ་སློབ་ཕྲུག་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན་དགོས་པ་ལས། དགེ་རྒན་དང་། མི་གཞན་པས་འབྲི་མི་ཆོག དཔེ་དེབ་བཀླགས་པའི་ཟིན་ཐོ་རྣམས་ངེས་པར་དུ་ཀམ་པུ་ཊར་དུ་འཇུག་སྒྲིག་བྱེད་དགོས།
    ༣། རྩོམ་ཡིག་རྣམས་གཤམ་འཁོད་གློག་འཕྲིན་སྟེང་བསྐུར་དགོས།
    ༤། རྩོམ་ཡིག་གི་མཇུག་ཏུ་སློབ་གྲྭ་དང་དོ་བདག་གི་མཚན། གཞི་རིམ་གོང་འོག་བར་གསུམ་གང་གི་དགེ་རྒན་དང་སློབ་ཕྲུག་ཡིན་པ། རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས། (སློབ་ཕྲུག་གི་སློབ་གྲྭའི་ཡིག་ཚང་ངམ། འཛིན་དགེ་གང་རུང་གི་གློག་འཕྲིན་ཁ་བྱང་དང་། ཁ་པར་ཨང་གྲངས་འགོད་དགོས།)
    ༥། དཔེ་དེབ་བཀླགས་པའི་ཟིན་ཐོ་ལེགས་གྲས་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༢ ཉིན།

དྲུང་འཕར་བསྟན་འཛིན་པདྨ།
ཤེས་ལྷན་འགན་འཛིན།

རྩོམ་ཡིག་བསྐུར་ཡུལ། [email protected] འབྲེལ་གཏུགས་ཁ་པར། ༩༡༢༩༡༡༠༩༨༤

སྔོན་མ།
ལྷོ་ཁུལ་སློབ་གྲྭ་ཁག་བདུན་གྱི་རིགས་ལམ་འདུ་འཛོམས་མཇུག་བསྡུས་པ།
ཕྱི་མ།
པཱ་ལམ་པུར་དུ་ཉིན་ལྔའི་རིང་ཚན་རིག་བརྟག་དཔྱད་ཁང་གི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
Menu