༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་སོགས་དགེ་རྒན་གྱི་ཁྱད་ལས་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་ལས་རིམ་སྣ་མང་ནང་ནས། འདས་པའི་ལོ་ཤས་ཤིག་ནས་གཞི་རིམ་སློབ་གྲྭ་ཁག་གི་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་དེ་བཞིན་ཤེས་རིག་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་དགོངས་དོན་ལྟར། གཞི་རིམ་ཤེས་ཡོན་གལ་གནད་ལ་གཞིགས་ཏེ་གཞི་རིམ་འོག་མའི་དགེ་རྒན་སུམ་བརྒྱ་ཙམ་ལ་ཟབ་སྦྱོང་ཕུལ་ཟིན་པ་དང་། ད་ཆ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་སྤྲོད་བཞིན་པའི་སློབ་གཉེར་བ་རྣམས་གཞི་རིམ་འོག་མའི་དགེ་རྒན་གྱི་དམིགས་སྒོར་ཡིན་པར་བརྟེན། དགེ་འོས་པ་བུ་མོ་ ༡༢ དང་བུ་ ༧ བཅས་ཁྱོན་བསྡོམས་དགེ་འོས་པ་གྲངས་ ༡༩ ལ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།
ཐེངས་འདིའི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་གཞི་རིམ་བྱིས་པ་ཆུང་ཆུང་ཚོར་དགའ་དད་སྤྲོ་གསུམ་གྱི་ངང་ཀློག་གི་གོམས་གཤིས་དང་། མི་ཚེ་ཧྲིལ་པོར་ཀློག་གི་བྱ་བར་སྤྲོ་སེམས་ལྡན་པ་ཞིག་ཡོང་ཐབས་ཇི་ལྟར་བྱ་དགོས་པ་དེའི་སྐོར་ཡིན་སྟབས། ཐོག་མར་ཀློག་གི་གོ་དོན་ཤེས་ཐབས་དང་། དེ་ནས་བྱིས་པ་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བསྐྲུན་དགོས་པ། བྱིས་པ་ཚོར་སྒྲུང་ཤོད་པའི་དགོས་དམིགས། ཀློག་ལ་མི་དགའ་བའི་རྒྱུ་མཚན། ཉན་རྩལ་གོང་མཐོར་གཏོང་ཐབས། དགེ་རྒན་གྱི་སྐད་ཆ་བཤད་རྒྱུ་མང་དྲགས་པ་བཅས་བརྗོད་གཞི་སྣ་མང་ཐོག་རྒྱལ་ཕྱི་ནང་གི་ཤེས་ཡོན་རིག་པ་བ་པིཊར་རཱ་སེལ།(Peter Russell) ཇཱོན་ཧོནྚ།(John Holt) སིལཝིཡ་ཨེཤ་ཊོན་ཝར་ནར།(Sylvia Ashton Warner) སློབ་དཔོན་ཀྲིཥྞ་ཀུམར་(Prof. Krishna Kumar)བཅས་ཀྱིས་བརྩམས་ཆོས་དཔེ་དེབ་ཁག་ལ་ལྟ་ཀློག་གིས་ཉིན་ལྔའི་རིང་བྱིས་པའི་ཀློག་རྩལ་གལ་གནད་དང་འབྲེལ་བའི་དྲི་བ་གཙོ་བོ་དགུ་བཅུ་གོ་དྲུག་དང་། དེ་ལས་འཕྲོས་པའི་འཕྲོས་དོན་དྲི་བ་མང་པོའི་ཐོག་གོ་བསྡུར་སྦྱངས་བཤད་མཐིལ་ཕྱིན་བྱས་ཡོད་པ་མ་ཟད། མཉམ་ཞུགས་གནང་མཁན་རེ་རེ་ནས་བྱིས་པ་རྣམས་ལ་འཚམས་པའི་སྒྲུང་རེ་བཤད་དུ་བཅུག་པ་དང་། བཤད་ཟིན་པའི་སྒྲུང་གི་ནང་སྒྲུང་གི་གྲུབ་ཆ་ཐོག་མའི་ངོ་སྤྲོད་དང་། མི་སྣ་གཙོ་བོ། དཀའ་ངལ་དང་དེ་ལས་ཟློག་ཐབས་ཀྱི་བྱ་འགུལ་རྣམས་ཚང་ཡོད་མེད་བཅས་ཀྱི་དཔྱད་ཞིབ་བྱས་པའི་བརྒྱུད་དགེ་རྒན་འོས་སྦྱོང་བ་རྣམས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་བྱུང་ཡོད། ཐེེངས་འདིིའི་ཟབ་སྦྱོང་ལས་དགེ་འོས་པ་རྣམས་ལ་ཉམས་མྱོང་དང་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི་གཙོ་བོ་སློབ་ཁྲིད་གནང་མཁན་དང་མཉམ་ཞུགས་གནང་མཁན་གཉིས་ཀའི་མཉམ་སྦྲེལ་གྱི་གྲུབ་འབྲས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
དེ་ནས་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱི་ཟབ་སྦྱོང་གི་གྲུབ་འབྲས་དང་མ་འོངས་བྱེད་ཕྱོགས་ཐོག་གསུང་དོན་དུ། དེ་རིང་གི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་རིང་མིན་དགེ་རྒན་གྱི་ལས་སྒོར་ཞུགས་རྒྱུར་སོང་། སློབ་ཕྲུག་རྣམས་ལ་དཔེ་དེབ་བཀླག་རྒྱུའི་སྤྲོ་བ་གོང་འཕེལ་གཏོང་ཐབས་དང་། བཀླགས་མ་ཐག་པའི་དཔེ་དེབ་ཀྱི་སྙིང་དོན་འབྲི་བཤད་སོགས་ལ་བསྐུལ་མ་གནང་ཚེ་སློབ་ཕྲུག་ཆུང་བ་རྣམས། མ་འོངས་པར་ངས་བཀླགས་པའི་དཔེ་དེབ་ཀྱི་དགོས་དམིགས་དགེ་རྒན་གྱི་དྲི་བར་ལན་འདེབས་ཁོ་ནའི་ཆེད་དུ་ཡིན་བསམ་པའི་ཚོར་བ་རང་བཞིན་གྱིས་སླེབས་ཡོང་དུས། ཀློག་གི་སྤྲོ་བ་འདོར་ཉེན་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་ཕྲུག་རྣམས་ལ་འཛིན་གྲྭའི་ནང་རང་དབང་གི་ཁོར་ཡུག་བསྐྲུན་པའི་ཐོག་ནས་སློབ་སྟོན་གནང་ཐབས་ལ་འབད་བརྩོན་དགོས་ལུགས་དང་། གཞན་ཡང་ད་རེས་ཀྱི་ཟབ་སྦྱོང་སྐབས་འགྲེམས་སྤེལ་སློབ་ཁྲིད་གནང་བའི་དཔེ་དེབ་ཁག་སླར་ཡང་གུང་གསེང་སྐབས་ལྟ་ཀློག་དགོས་གལ་ཆེན་པོ་ཡིན་པ་མ་ཟད། དགེ་རྒན་རྣམས་ནས་གུང་གསེང་སྐབས་རྒན་རབས་ཁག་ནས་སྒྲུང་བཞི་ནས་ལྔ་བར་ཐབས་འཚོལ་གྱིས་བསྡུ་རུབ་གནང་དགོས་པའི་འབོད་སྐུལ་དང་སྦྲགས། མཐའ་དོན་སློབ་ཁྲིད་གནང་མཁན་སཾ་བྷོ་ཊའི་སློབ་དགེ་བསོད་ནམས་གངས་བཟང་ལགས་སུ་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་ལེགས་གསོལ་བཅས་གནང་སྟེ་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ།