ཆུང་ཚེ་རིང།
ཞེ་ས་ཞེས་པའི་ཚིག་དོན་དང་ཁྱབ་ཁོངས།
“ཞེ་ས”ཞེས་པའི་ཚིག་འདི་རྗེས་གྲུབ་ཀྱི་མིང་ཡིན་པར་རྩོད་པ་མེད་པར་སྣང་མོད། ཚིག་དེའི་གོ་དོན་ཐད་“རྗེད་པར་བྱ་བའི་ཡུལ་ལ་རྗེ་ས་དང། བརྗོད་བདེ་བའི་དབང་གིས་ཞེ་ས་ཞེས་གྲགས”1ཞེས་དང། “ཞེ་བསམ་པའི་གཏིང་ནས་རང་གི་མོས་གུས་ཡོད་པའི་སའམ་ཡུལ་ལ་གུས་ལུགས་མཚོན་པར་བྱེད་པའི་དོན་ཡིན་་་་”2ཞེས་དང། ཡང་“་་་་་་ཡིད་ཅན་ཞེའམ་སེམས་ཀྱིས་གུས་པར་འོས་པའི་སའམ་ཡུལ་ཞིག་ལ་གུས་འདུད་ཀྱི་རྣམ་པར་མཚོན་པའི་ཚིག་ཅིག་ལ་ཞེ་ས་ཟེར་དགོས་་་་་”3ཞེས་ཁག་གསུམ་འདུག་པ་ལས་གསུམ་ཀས་རང་རང་བཞེད་དགོངས་ཀྱི་ཁུངས་གར་གཏུགས་གསལ་ཁ་མཛད་མི་འདུག
དགེ་བཤེས་ཆོས་གྲགས་ཀྱིས་མཛད་པར་གྲགས་པའི་བརྡ་དག་མིང་ཚིག་གསལ་བའི་ནང་། ཞེ་སའི་མཚམས་སུ་“རྗེ་སའམ་བཀུར་བའི་ཞེ་ས་”ཞེས་དང། རྗེ་སའི་མཚམས་སུ་“ཞེ་ས་”4ཞེས་བཀོད་ཡོད་པ་དང། ཏུན་ཧོང་ཡིག་རྙིང་དུ་“་་་་གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱྀ་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རྀ་མཐོ་ས་གཙང། ཡུལ་བཟང། མྱི་མཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བ་འྀ་གནསུ། ཚུལ་གྱིས་བདམས་སྟེ་གཤེགས་སོ། རྒྱལ་པོ་གཞན་དང་མྱི་མཚུངས་པའི་ཆོས། ཕྱག་མཉེད་ཁྲུང་ཁྲུང་གིས་འཚལ་ཞིང། སླེ་བ་འོད་ཀྱིས་ལེན། མྱི་བཅུན་(བཙུན)སོན་པ་འྀ་རྣམས། རྗེ་ས་འྀ་གོས་གྱོན་ཞིང། སྐྱེས་པ་ཆེན་པོ་རྣམས་བཙུན་བ་འྀ་རྣམ་པ་ཡང་དེ་ནས་བྱུང་བ་ཡིན་ནོ། ་་་”5ཞེས་གསལ་བའི་“རྗེ་ས་”ཞེས་པ་མཆན་འགྲེལ་དུ་“ཞེ་ས་”6ཞེས་བྲིས་ཡོད་པར་གཞིགས་ན་དཔའ་རིས་སངས་རྒྱས་ཀྱིས་རྗེད་པར་བྱ་བའི་ཡུལ་ལས་རྗེ་ས་ཆགས་པ་དང། དེ་ཡང་བརྗོད་བདེའི་དབང་གིས་ཞེ་ས་ཆགས་ལུགས་བཤད་པ་དེ། ལྤགས་ཁ་ལ་ཟ་བར། ལམ་ལྟག་ཁུང་ནས་བསྐོར་འདྲའི་བཤད་པ་ཞིག་ཏུ་མངོན་ཡང་ཁུངས་ལུང་རྒྱུ་མཚན་འདི་འདྲ་ཞིག་ཏུ་གཏུགས་པར་སྙམ།
དེ་ཡང་“རྗེ་”ཞེས་པའི་ཚིག་འདི། རྗེ་འབངས་དང། རྗེ་བློན། རྗེ་བཙུན་སོགས་ཆོས་སྲིད་དབང་ཐང་དང། རིགས་རུས་གང་རུང་གི་ཆ་ནས་ཤིན་ཏུ་མཐོ་རིགས་རྣམས་ལ་མ་གཏོགས་ཐོབ་པ་མིན་པས། ཞེ་ས་ཞེས་པའི་ཐོག་མའི་མ་ཚིག་རྗེ་ས་ཡིན་ཞིང། “རྗེ་”དང་“ཞེ་”གཉིས་སྒྲ་ཉེ་བའམ་བརྗོད་བདེའི་དབང་གིས་“ཞེ་ས”ཆགས་ལུགས་བཤད་ན། ཁུངས་ལུང་རྒྱུ་མཚན་དང་ལྡན་པར་མངོན་ཡང། རྗེད་པར་བྱ་བའི་ཡུལ་ལམ་ས་ལས་ད་མཐའ་དོར་ཤུལ་དུ་“རྗེ་ས་”ཆགས་པ་དང། དེས་ཀྱང་མ་འགྲིགས་པར་བརྗོད་བདེའི་དབང་གིས་“རྗེ་”“ཞེ་”རུ་འགྱུར་ནས་“ཞེ་ས་”ཆགས་རབས་ཀྱི་སྒྲུང་འདིར་ནམ་རིང་འཁྱོལ་བའི་རྒྱུ་མཚན་རྣམ་དག་ཅིག་ཨེ་ཡོད་དམ་སྙམ། མ་གཞི་“མཆོད་པར་བྱེད། རྗེད་པར་བྱེད་”ཅེས་དཔེ་རྙིང་རྣམས་སུ་གསལ་བ་ལྟར་“རྗེད་”ཅེས་པའི་ཚིག་འདི་བཀུར་གཟོ་བྱས་པའི་བརྡ་རྙིང་ལ་འཇུག་རུང། “རྗེ་”ཞེས་པའི་ཚིག་འདི་“རྗེད་”ཀྱི་བུ་ཡིན་ཏེ། “རྗེ་”ལ་ད་མཐའི་སྨྲ་ར་སྐྱེས་མེད་པའི་ཕྱིར་ཞེས་བརྗོད་ན་ལས། དེ་མིན་“རྗེ་”འདི་“རྗེད་”ཀྱི་རྨོ་མོ་ཡིན་ཏེ། དེའི་ད་མཐའི་སོ་དཀར་བུད་ཟིན་པའི་ཕྱིར་ཞེས་བརྗོད་ན་ཅི་ཞིག་སྨྲ།
ཡང་གོང་དུ་གླེང་བའི་ཞེ་སའི་འགྲེལ་བཤད་གཉིས་པ། “ཞེ་བསམ་པའི་གཏིང་ནས་རང་གི་མོས་གུས་ཡོད་པའི་སའམ་ཡུལ་ལ་གུས་ལུགས་མཚོན་པར་བྱེད་པའི་དོན་ཡིན་”ཞེས་པ་འདི་“ཞེ་སའི་”ཕ་རྒྱུད་མ་རྒྱུད་མང་པོ་རྩད་གཅོད་མི་དགོས་པར་སྐབས་བབས་ཀྱི་བུ་ཆུང་“ཞེ་ས་”ལགས་ཀྱི་མིང་དང་སྤྱོད་ལམ་ལ་གཞིགས་ཏེ་བཤད་པ་གནང་འདུག་པས་ཤིན་ཏུ་འཚམས་སྙམ་པ་འདུག
ཡང་གོ་དོན་གསུམ་པ་“་་་ཡིད་ཅན་ཞེའམ་སེམས་ཀྱིས་གུས་པར་འོས་པའི་སའམ་ཡུལ་ཞིག་ལ་གུས་འདུད་ཀྱི་རྣམ་པ་མཚོན་པའི་ཚིག་ཅིག་ལ་ཞེ་ས་ཟེར་དགོས་་་་”ཞེས་གསལ་བའི་“གུས་འདུད་ཀྱི་རྣམ་པ་མཚོན་པའི་ཚིག་ཅིག་”ཅེས་པ་འདིས། ཞེ་ས་ཡིན་ན། ངེས་པར་ཚིག་ཡིན་དགོས་པ་དང། ཚིག་མིན་ན། ཞེ་ས་མིན་པར་བཀག་པས། ཞེ་སའི་གོ་དོན་དང་འཚམས་པར་མ་མཐོང།
མདོར་ན། རྗེ་ས་ལས་ཞེ་ས་ཆགས་རབས་དེ། ཞེ་ས་ཞེས་པའི་ཚིག་འདིའི་འགྱུར་འགྲོས་ཀྱི་ལོ་རྒྱུས་དང། “ཞེ་བསམ་པའི་གཏིང་ནས་རང་གི་མོས་གུས་ཡོད་པའི་སའམ་ཡུལ་ལ་གུས་ལུགས་མཚོན་པར་བྱེད་པའི་དོན་ཡིན་”ཞེས་པ་འདི། ཞེ་སའི་གོ་དོན་དངོས་ཡིན་པར་བྱས་ན། ཞེ་སའི་ངོ་བོ་དང། བྱེད་ནུས། ཞེ་ས་བྱེད་པ་པོ་དང་བྱ་ཡུལ་སོགས་གང་གི་ཆ་ནས་ཀྱང་འོས་ཤིང་འཚམས་པ་ཞིག་ཏུ་མཐོང་ཞིང། “ཡིད་ཅན་ཞེའམ་སེམས་ཀྱིས་གུས་པར་འོས་པའི་སའམ་ཡུལ་ཞིག་ལ་གུས་འདུད་ཀྱི་རྣམ་པ་མཚོན་པའི་ཚིག་ཅིག་ལ་ཞེ་ས་ཟེར་དགོས་”ཞེས་པ་སྒྲ་དོག་འཇུག་གི་ཞེ་ས་སྟེ། “ཞེ་སའི་ཚིག་”གི་འགྲེལ་བཤད་ཡིན་པར་བྱས་ན་སྐྱོན་གནད་མེད་པར་མངོན།
ཞེ་ས་ཞེས་པ་འདི་དེང་སྐབས་གུས་བཀུར་གྱི་མིང་དང་ཚིག་ཁོ་ནར་གོ་བར་སྣང་རུང། བརྡ་དག་མིང་ཚིག་གསལ་བ་ཞེས་པའི་ནང་“རྗེ་སའམ་བཀུར་བའི་ཞེ་ས་”ཞེས་དང། བོད་རྒྱ་ཚིག་མཛོད་ཆེ་མོ་ལས་ཞེ་སའི་གོ་དོན་གཉིས་པར་“བཀུར་བའམ་གུས་འདུད་”ཅེས་དང། དེའི་དོན་གསལ་བྱེད་དུ་“ཞེ་ས་མི་བྱེད་པ། ཞེ་སར་བྱ་བ། ཞེ་སའི་རྣམ་འགྱུར། ཞེ་ས་མི་ཤེས་པ”7ཞེས་པའི་དཔེ་མཚོན་རྒྱ་བོད་གཉིས་སྦྲགས་སུ་བཀོད་འདུག་པ་དང། དེ་བཞིན་ཡིག་བསྐུར་རྣམ་བཞག་ཁག་ཏུ། དང་པོ་གང་ལ་བསྐུར་ཡུལ་གྱི་ཆེ་བརྗོད། གཉིས་པ་འདུད་པ་དང་བཅས་པའི་ཞེ་ས་སོགས་རིམ་པ་མང་ཙམ་ཡོད་པ་ལས། འདུད་པ་དང་བཅས་པའི་ཞེ་ས་ཞེས་པ་ནི། “གུས་པས་ཞུ་འབྲས”ལྟ་བུའི་འཕྲིན་ཡིག་འབུལ་བ་པོས་འབུལ་ཡུལ་ལ་གུས་བཀུར་གྱི་རྣམ་པ་སྟོན་པ་དེར་ཟེར་བ་སོགས་ཕྱོགས་གང་ཐད་ལ་གཞིགས་ན། ཞེ་ས་ཞེས་པ་ངག་གི་ལམ་ནས་བརྗོད་རྒྱུའི་ཞེ་སའི་ཚིག་ཁོ་ནར་གོ་རྒྱུ་མིན་པར། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། ཡུལ་མཐོ་བཙན་གྱི་རིམ་པ་སོ་སོར་གུས་བཀུར་མཐོང་གཟོས་ཞུ་བའི་སྤྱོད་ཚུལ་ཞིག་ལ་གོ་དགོས་པས། ཞེ་ས་ནི་གུས་ཞབས་དང། བཀུར་བསྟི། བསྟི་སྟངས་སོགས་ཀྱི་གོ་དོན་དང་ཆ་འདྲ་བར་སྙམ་ཞིང། སྒྲ་དོག་འཇུག་གི་དབང་དུ་བྱས་ན། ཞེ་སའི་ཚིག་སྟེ། གུས་བཀུར་གྱི་ཚིག་ཁོ་ན་ལ་གོ་དགོས་པར་སྣང།
གོང་གསལ་བོད་རྒྱ་ཚིག་མཛོད་ཆེ་མོའི་དཔེར་བརྗོད་ཁག་ལ་ལྡིངས་ཆེན་དངོས་གྲུབ་ཀྱིས་“འདི་ལ་དབྱེ་ན། ཞེ་སའི་བྱ་བ་དང། ཞེ་སའི་རྣམ་འགྱུར། ཞེ་སའི་ཚིག་བཅས་རྣམ་པ་གསུམ་དུ་བསྡུས་པ་བོད་རྒྱ་ཚིག་མཛོད་ཆེ་མོར་ཡང་བཀོད་འདུག”8ཅེས་བཤད་པ་མ་ཟད། ད་དུང་ཡང་སྒྲས་གཞན་ཞིག་ཏུའང་གསལ་ཡོད་འདྲ་སྨྲ་བབ་ལ། ཁོ་བོས་གཞན་དུ་དེ་ལྟར་གསལ་ཡོད་མི་སྲིད་ཅེས་བརྗོད་ཅི་ལ་སྤོབས་ཀྱང། བོད་རྒྱ་ཚིག་མཛོད་ཆེ་མོར་དོན་གསལ་བྱེད་ཀྱི་དཔེར་བརྗོད་བཀོད་པ་དག་ནི་གོང་དུ་དྲངས་པ་དེ་རང་ཡིན་པས། དཔེར་བརྗོད་ཙམ་ལས་ཞེ་སའི་དབྱེ་བ་མིན་པ་ནི་“ཞེ་སར་བྱ་བ”ཞེས་པ་ལས་“ཞེ་སའི་བྱ་བ་”ཞེས་གསལ་མེད་ཐོག “ཞེ་སའི་ཚིག”ཅེས་པ་ནི་ཟུར་ཙམ་ཡང་མ་གསལ་བ་དང། ལྷག་པར་དེ་དག་ཞེ་སའི་དབྱེ་བར་ངོས་འཛིན་ན། དཔེར་བརྗོད་དེ་དག་དང་དཔུང་པ་མཉམ་གཤིབ་ཏུ་བཀོད་པའི་“ཞེ་ས་མི་བྱེད་པ་དང། ཞེ་ས་མི་ཤེས་པ་”ཞེས་པ་གཉིས་ཞེ་སའི་དབྱེ་བར་མི་བགྲངས་པའི་རྒྱུ་མཚན་དེ་རང་གིས་དཀར་པོའི་རྒྱ་ལམ་ལ་བསྐྱར་གསལ་དང། ནག་ཆུང་སྲན་མ་བསྐྱར་འདྲིལ་བྱེད་མི་དགོས་པ་ལྟར་ལགས།
ཡིན་ནའང། བོད་རྒྱ་ཚིག་མཛོད་ཆེ་མོར་མ་བཤད་བཞིན་དུ་བཤད་ལུགས་སྨྲས་པ་དེར་བདག་གིས་རྒོལ་བ་ལས། དེ་མིན་གུས་བཀུར་ཕུ་དུད་སོགས་ནི་ཞེ་སའི་བྱ་བའོ། །ཐལ་སྦྱར་པུས་འཛུགས་དང། ལྕེ་བསྣར་མགོ་གུག་སོགས་ནི་ཞེ་སའི་རྣམ་འགྱུར་རོ། །མཆོད། བཞེས། བཞུགས་སོགས་ཀྱི་ཚིག་རྣམས་ནི་ཞེ་སའི་ཚིག་གོ་ཞེས་རང་གི་རིགས་པས་དཔྱད་དེ་སྨྲས་ན། དོན་དང་ཤིན་ཏུ་མཐུན་པས། བོད་རྒྱ་ཚིག་མཛོད་ཆེ་མོར་གསལ་རུང་མ་གསལ་རུང། སྤྱིར་ཞེ་སར་དབྱེ་བ་དེ་འདྲ་ཞིག་ཡོད་ནའང་དགེ་ལས་སྐྱོན་དུ་མ་མཐོང་བས་ཁོ་བོས་རྒྱབ་སྐྱོར་བྱེད་འདོད་པ་ཞིག་བྱུང་ངོ། །
བོད་དུ་ཞེ་ས་ག་དུས་དར་མིན་སྐོར།
ཞེ་ས་འབྱུང་རྐྱེན་གཙོ་བོ་ནི་སྤྱི་ཚོགས་ནང་རྗེ་དང་འབངས། བླ་མ་དང་སློབ་མ། སྐྱབས་ཡུལ་དང། སྐྱབས་སུ་བཅོལ་བ་པོ་སོགས་ཀྱི་དབྱེ་བ་བྱུང་བ་དེ་ཡིན་ཞིང། དེ་ལྟའི་དབྱེ་བ་བྱུང་བ་ལས་ཡུལ་སྔ་མ་སྔ་མ་དག་ལ་ཕྱི་མ་ཕྱི་མས་གུས་བཀུར་མཐོང་གཟོས་ཞུ་བའི་ལམ་རང་ཤུགས་སུ་ཆགས་པ་དེར་སྒྲ་ཡངས་འཇུག་གི་ཞེ་ས་དར་འགོ་ཚུགས་པར་ངོས་འཛིན་བྱེད་དགོས་པར་སྣང།
བོད་དུ་ཞེ་ས་དར་བའི་དུས་ཚོད་ཡིག་ཐོག་ཏུ་འཁོད་པར་ནི་བཀའ་ཐང་སྡེ་ལྔ་ལས། “དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་དུ་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང། །”9ཞེས་དང། ཡང་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། “དེ་རྗེས་རྒྱལ་ཕྲན་བཅུ་གཉིས་བྱས་ཏེ། །ཡུལ་མིང་བོད་ཡུལ་སྤ་ཁ་ཆེ་བརྒྱད་ཅེས། །སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང། །སྔར་གྱི་སྒྲུང་གཏམ་ཕྱི་མིས་བཤད་པ་བྱུང། །”ཞེས་དང། སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་སྦེལ་གཏམ་ལུང་གི་སྙིང་པོར་10 ཡང་གོང་གསལ་དང་ཕྱོགས་མཐུན་དུ་གསུངས་པ་བཅས་མདོར་ན། གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་ཕྱག་དང་ཞེ་ས་བྱུང་བར་གསུངས་འདུག་ཅིང། དོན་དུའང། དེ་སྐབས་སུ་བོད་དུ་རྗེ་འབངས་ཀྱི་ཐ་སྙད་བྱུང་ཟིན་པས་རྗེ་ཚོར་འབངས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཞེ་ས་བྱེད་སྲོལ་ཆགས་ཡོད་པའང་རང་བཞིན་དུ་དཔོགས་ཐུབ། དེ་མིན་ཆོས་རྒྱལ་ཚོའི་སྐབས་བསྒྱུར་བའི་རྒྱལ་བའི་བཀའ་བསྟན་དང། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། གནའ་བོའི་རྡོ་རིང་གི་ཡི་གེ བོན་གྱི་དཔེ་དང། མདོས་ཆོག་བསང་མཆོད་སོགས་སུ་ཞེ་ས་མང་པོ་འཁོད་པ་དག་གིས་ཀྱང། ཆོས་རྒྱལ་ཚོའི་ཆེས་ཡར་སྔོན་ནས་བོད་དུ་ཞེ་ས་དང། ཞེ་སའི་ཚིག་དར་ཡོད་པ་དེར་བདེན་དཔང་བྱེད་ཐུབ།
གོང་དུ་བཀའ་ཐང་སྡེ་ལྔའི་ལུང་ཚིག་སོགས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་ཕྱག་དང་ཞེ་ས་བྱུང་བར་གསུངས་པ་ནི། སྐབས་དེའི་སྤྱི་ཚོགས་ནང་ཡུལ་མཐོ་བཙན་རྣམས་ལ་རང་རང་གི་གོ་བབ་ལ་གཞིགས་པའི་གུས་བཀུར་ཞུ་སྲོལ་གཏན་ལ་ཕབ་པ་ལྟ་བུ་ཞིག་ཏུ་གོ་དགོས་པ་ལས། དེའི་གོང་དུ་ཞེ་ས་དང་ཞེ་ཚིག་བེད་སྤྱོད་བྱེད་སྲོལ་རྩ་བ་ནས་མེད་པ་རང་ཨེ་ཡིན་སྙམ།
དེའི་རྒྱུ་མཚན་ནི། དེའི་གོང་དུ་ཞེ་སའི་རྨང་གཞི་རྩ་བ་ནས་མེད་པར་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་སུ། གནམ་ནས་ལྷུང་བ་ལྟར་གློ་བུར་དུ་ཞེ་ས་དར་དཀའ་བ་དང་གཅིག བོད་དུ་ཞིང་འབྲོག་ལས་རིགས་དང། རྫ་བཟོ་སོགས་ལག་ཤེས་ཀྱི་རིགས། ཡི་གེ་སོགས་ཤེས་རིག་དར་ནས་ལོ་ངོ་སྟོང་ཕྲག་བཞི་ལྔ་སོང་བའི་དཔང་རྟགས་ཁུངས་བཙན་དེང་སྐབས་ས་འོག་སོགས་ནས་ཐོན་དང་འདོན་མུས་ལ་བརྟེན། ཤེས་རིག་གི་ཚད་དེ་ཙམ་གྱི་མཐོ་པོར་སོན་སྐབས་ཀྱང། གཞན་ལ་གུས་བཀུར་ཞུ་སྲོལ་མ་དར་ཟེར་ན་སུའི་རྣ་བར་ཡང་འགྲོ་དཀའ་བ་དང་གཉིས། བོད་དུ་ཆེས་གནའ་བོའི་དུས་ནས་བོན་དང། དེ་རྗེས་གཡུང་དྲུང་གི་བོན་བཅས་དར་ཡོད་པར་བརྟེན། བོན་དང་གཡུང་དྲུང་གི་བསྟན་པ་འཛིན་མཁན་གྱི་སྐྱེ་བོ་སྤྱི་དང། ལྷག་པར་གཤེན་པོ་དག་ལ་དད་ཅིང་གུས་པའི་སྐབས་དེའི་བོད་མིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་བཀུར་ཚད་མེད་ཞུ་བའི་བབ་འབྲེལ་ཞེ་སའམ་ཞེ་སའི་བྱེ་བྲག་“ཞེ་ཚིག”དར་ཡོད་པར་ཁ་ཚོན་གཅོད་ནུས་སྙམ་པ་དང་གསུམ། དེང་སྐབས་ཀྱང་བོད་མི་ཚོས་བླ་མ་དང། དཔོན་པོ། ཕ་མ་སོགས་སོ་སོར་གོ་བབ་ལ་གཞིགས་པའི་ཡིད་ཀྱིས་གུས་སྟངས་དང། ལུས་ཀྱིས་འདུད་སྟངས། ངག་གིས་ཞེ་ཚིག་བརྗོད་སྟངས་བཅས་ཕྲན་བུའི་མི་འདྲ་བ་ཡོད་པ་མཐོང་ཆོས་མ་ཟད། ལྷག་པར་ཕྱག་ལའང་གོ་བབ་མཉམ་པའི་བླ་མ་རྣམས་ཕན་ཚུན་ཕྱག་དང་མཇལ་དར་རྩེ་སྤྲོད་བྱེད་སྟངས་སོགས་དང། བླ་མ་མཐོ་བས་དམའ་བར་ཕྱག་མི་འཚལ་བ། མི་སྐྱས་དཔོན་ལ་ཕྱག་འབུལ་ཞེས་ལག་གཉིས་ཐལ་སྦྱར་དང། མགོ་བོ་དུད་ཙམ་ལས་བླ་མ་ལ་ཕྱག་བྱེད་པ་ལྟར་མི་བྱེད་པ། ཐ་ན་བླ་ཆེན་མི་ཆེན་ཕེབས་སྐབས་ཕྱུ་པའི་ཕུ་ཐུང་དང། སྐྲའི་ལྷས་མ་འཇོག་སྟངས་ཚུན་ནས་སྒྲིག་སྲོལ་ཆུ་མོར་ཉ་འཁྱུག་གི་དཔེ་ལྟར་ཡོད་པ་འདི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་གཏན་ལ་ཕབ་པའི་རྒྱུན་རྣམས་གྲ་མ་ཆག་གྲུ་མ་ཉམས་པ་ཞིག་ཡིན་ག་ལ་སྲིད་ཀྱང། རྩིག་པ་ཞིག་ཀྱང་རྩིག་རྨང་བརྟན་པའི་རྒྱུན་ཆུ་དྭངས་ཉ་གསལ་ཞིག་ཡིན་ངེས་སྙམ་པ་བཅས་བཞིའི་སྒོ་ནས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་གོང་ནས་བོད་དུ་ཞེ་ས་དར་ཡོད་པའི་དཔང་པོ་བྱེད་ནུས་སྙམ་མོ། འོན་ཀྱང་ཞེ་ས་དར་འགོ་ཚུགས་པ་དང། འཐུས་ཚང་དུ་འགྱུར་བའི་བར་དུས་ཡུན་རིང་ཙམ་དགོས་པས། བོད་ཀྱི་ཞེ་ས་དང། ཞེ་སའི་ཚིག་དག་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཉམས་མྱོང་བརྒྱུད་དེ། མཐར་དགའ་ལྡན་ཕོ་བྲང་པའི་སྐབས་སུ་འཐུས་སྒོ་ཇེ་ཚང་དང། དར་རྒྱས་ཇེ་ཆེ་བྱུང་འདུག་པ་ནི། ཆོས་རྒྱལ་ཚོའི་སྐབས་ཀྱི་ཡིག་རིགས་དང། དེའི་རྗེས་ཀྱི་ཡིག་རིགས་ཁག་ཕན་ཚུན་དཔྱད་བསྡུར་བྱས་ཚེ། ཕྱི་མ་ཕྱི་མའི་ནང་དུ་ཞེ་ཚིག་སྔ་མ་སྔ་མ་ལས་མང་བ་གསལ་བ་དེས་དཔང་པོ་བྱེད་ནུས་སོ། །
གཞན་ཡང་སྔར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྙེ་མོ་བྱེ་མཁར་དུ་ཕེབས་སྐབས། ཡུལ་དེའི་མིས་ཕྱག་དང་ཞེ་ས་མི་ཤེས་པའི་དབང་གིས་རྒྱལ་པོ་མཇལ་མ་ནུས་པའི་ལུང་ཚིག་འོག་ཏུ་བཀོད་ཡོད་པ་ལྟར། ཕྱག་དང་ཞེ་ས་མ་ཤེས་པ་ཙམ་གྱིས་རྒྱལ་པོ་མཇལ་མ་ནུས་པའི་དོན་མིན་པར། སྐབས་དེར་རྒྱལ་པོར་འོས་པའི་ཕྱག་དང་ཞེ་ས་གང་བྱེད་དགོས་མིན་གྱི་གཏན་འབེབས་ཡོད་ངེས་པ་རྣམས་མ་ཤེས་པ་དང། གལ་ཏེ་གཏན་འབེབས་ལྟར་ཕྱག་དང་ཞེ་ས་མ་བྱས་ཚེ། སྒྲིག་སྲོལ་ལས་བརྒལ་གཤིས། ཉེས་ཆད་གཅོད་པའི་ལམ་སྲོལ་ཡོད་པས་ཡིན་ངེས་སྙམ་པ་བཅས། གནད་འདིས་ཀྱང་གོང་སྨྲས་རྣམས་ལ་ངེས་པ་བརྙེད་རྒྱུ་ཡོད་དོ། །
ཞེ་ཚིག་དར་ཁྱབ་ཆེ་ས།
འཛམ་གླིང་མི་རིགས་ཁག་གི་སྐད་ཡིག་ནང་མངོན་ཚན་ཆེ་ཆུང་ཙམ་ལས་ཡུལ་ཆེ་བཙན་རྣམས་ལ་གུས་ཚིག་གམ་ཞེ་སའི་ཚིག་བེད་སྤྱོད་བྱེད་སྲོལ་མེད་པ་ནི་ཧ་ལམ་མེད་པར་སྣང་ཞིང། ད་ལྟའང་མང་གཙོའི་རྒྱལ་ཁབ་ཡིན་པའི་མི་རིགས་མང་པོ་ཞིག་གི་སྐད་ཡིག་ནང་སྔར་གྱི་རྒྱུན་སྲོལ་མ་ཉམས་པར་ཞེ་ཚིག་བེད་སྤྱོད་བྱེད།
ཡིན་ནའང། ཞེ་ས་རྒྱ་ཁྱབ་ཏུ་དར་སྲོལ་བྱུང་ས་ནི། རྒྱལ་པོ་རྒྱུན་དུ་བཞུགས་ཡུལ་གྱི་རྒྱལ་ས་དང། བླ་མ་དང་མཁས་པ་སོགས་རྗེ་དཔོན་མང་ས་དག་ཏུ་ཤུགས་ཆེར་འབྱུང་བར་སྣང་སྟེ། བོད་དུ་མཚོན་ན། དབུས་དང་གཙང་ཁུལ་ལ་ཞེ་ས་དར་དར་ཞིག་གཞན་གང་ནའང་དར་མེད་པའི་ཚོད་དུ་ཡོད་ཅིང། དབུས་གཙང་གཉིས་ཀྱི་ནང་ནས་ཀྱང། དབུས་ཀྱི་ལྷ་ས་དང། གཙང་གི་གཞིས་རྩེ་སོགས་ལ་ཞེ་ས་དར་ཤུགས་ཆེ་བར་སྣང་བ་ལས། ལྷ་ས་དང་བར་ཐག་དེ་ཙམ་གྱི་མི་རིང་བའི་འཕན་ཡུལ་དང། མལ་གྲོ་སོགས་ལ་ལྷ་ས་དང་བསྡུར་ན་ཞེ་ས་སྤྱོད་ཚད་ཉུང། དེ་ཡང་ཡིན་ཏེ། སྤྱིར་དབུས་གཙང་དག་པ་ཆོས་ཀྱི་ཞིང་ཞེས་གྲགས་པ་ལྟར་དབུས་གཙང་ཁུལ་འདིར་བླ་སྤྲུལ་དགེ་བཤེས་དང། རིས་མེད་ཀྱི་ཆོས་སྡེ། རྗེ་བློན་སོགས་གུས་བཀུར་ཞུ་ཡུལ་ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་རྟེན་བྱིན་ཅན་མང་པོ་དང། གདན་ས་གསུམ་གྱིས་མཚོན་བསླབ་པ་སློབ་གཉེར་བྱེད་ཡུལ་མང་ཞིང། དེ་དག་གི་ནང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་སྐྱེ་བོ་དམ་པ་མང་བ། དེ་བཞིན་བོད་ཀྱི་རྒྱལ་ས་ཡིན་པའི་བབ་འབྲེལ་རྗེ་བློན་གཙོ་དྲག་སོགས་ཡུལ་ཆེ་བཙན་ཤིན་ཏུ་མང་སྟབས། ལྷ་སར་གཉུག་མར་གནས་པའི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་དེ་དག་ལ་བཅོས་མའམ་བཅོས་མིན་གྱི་གུས་བཀུར་ཞུས་པའི་རྗེས་འབྲེལ་ངག་ལམ་དུ་ཞེ་ས་རྒྱུན་ཆགས་སུ་གནས་པ་བྱུང་བ་ཡིན་འདུག
དེ་མིན་སྔར་ཆོས་རྒྱལ་ཁྲི་སྲོང་སྐབས་“དེ་ནས་རྒྱལ་བློན་དཔོན་གཡོག་བདུན་བྱས་ནསཿ རྐང་ཐང་ཉི་ཤུ་རྩ་ལྔ་རྟ་འཁྲིདཿ སྙེ་མོ་བྱེ་མཁར་གནས་གཞིའི་མདུན་དུ་བཞུགསཿ དེ་མིས་ཕྱག་དང་ཞེ་ས་མི་ཤེས་པསཿ མཇལ་བར་མ་ནུས་སྒོ་ཕྱིའི་རྒྱུ་འགྲུལ་ཆདཿ11 ཅེས་གསལ་བ་ལྟར་རྒྱལ་ས་མ་ཡིན་པའི་ས་ཁུག་གི་མི་རྣམས་ཀྱིས་ཕྱག་དང་ཞེ་ས་མ་ཤེས་པས། རང་གི་རྒྱལ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཕེབས་ཀྱང་མཇལ་མ་ནུས་པའི་གནས་ཚུལ་འདི་ལྟ་བུ་བྱུང་བ་དེས་ས་ཕྱོགས་གཞན་ཏེ། བླ་སྤྲུལ་དགེ་བཤེས་དང། མཁས་པ། རྗེ་བློན་སོགས་མང་པོ་མེད་པའི་གནས་དག་ཏུ་ཞེ་ས་ཤེས་མཁན་ཉུང་བ་རྟོགས་ནུས། འོན་ཀྱང་དར་ཤུགས་ཆེ་ཆུང་གི་ཁྱད་ཙམ་ལས་བོད་ཡུལ་གང་པོར་ཞེ་ས་གཅིག་ཀྱང་བེད་སྤྱོད་མི་བྱེད་མཁན་ནི་མེད་ཅེས་ཁ་ཚོན་གཅོད་ནུས་པའི་ཚོད་དུ་ཡོད།
ཞེ་སའི་ངོ་བོ།
མང་ཆེ་བས་དེང་སྐབས་ཞེ་ས་ཞེས་པ་གུས་བཀུར་མཚོན་བྱེད་ཀྱི་ཚིག་ཙམ་ལ་གོ་བར་སྣང་རུང། གོང་དུ་བཤད་པ་ལྟར་ཞེ་ས་ཞེས་པ་དེ་རང་གི་སེམས་གཏིང་ནས་གུས་བཀུར་ཞུ་སའི་ཕ་མ་དང། དགེ་རྒན། བླ་མ། མཁས་པ། གཞུང་གི་གནད་ཡོད་མི་སྣ་སོགས་ལ་སྒོ་གསུམ་བཅོས་མ་མིན་པའི་སྒོ་ནས་གུས་བཀུར་ཞུ་བ་དེར་གོ་དགོས་པ་འདི་གནད་འགག་ཆེན་པོ་ཞིག་ཡིན་ཞིང། དེ་མིན་ཞེ་སའི་ཚིག་བརྗོད་ཤེས་ཚད་ལ། “ཡ་རབས་ཕྱག་དང་ཞེ་སར་མཁས་”ཞེས་པའི་གཏམ་དཔེ་བགྲངས་ཏེ། ཡ་རབས་ཀྱི་གྲལ་དུ་བཞག་ན། “ཁ་ཡ་རབས། སྤྱོད་པ་མ་རབས”ཞེས་སྲིད་པ་རྒན་པོས་བཞག་པའི་གཏམ་དཔེ་འདི་ལ་དགོས་པ་གང་ཡང་མེད་པ་མ་ཟད། ཡ་རབས་ཀྱི་དོན་ངོ་མ་དང་ལྡོག་ཕྱོགས་སུ་འགྲོ་ཉེན་ཡོད།
སྤྱིར་བཏང་རང་རེ་བོད་མི་རྣམས་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་གཞན་གྱིས་ཀྱང་རེད་ཟེར་ལ། རང་ཉིད་ཀྱིས་ཀྱང་ཡིན་ཟེར་བ་འདིའི་རྩ་བ་གཙོ་བོ་ནི། རང་ཉིད་བདེ་བ་འདོད་པ་བཞིན་གཞན་ཐམས་ཅད་ཀྱང་བདེ་བ་འདོད་པ་དང། རང་ཉིད་སྡུག་བསྔལ་མི་འདོད་པ་བཞིན་གཞན་ཐམས་ཅད་ཀྱང་སྡུག་བསྔལ་མི་འདོད་པ་གཅིག་པས། གཞན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ཆེད་དུ་རང་ཉིད་ཀྱི་བདེ་བ་བློས་གཏོང་ཐུབ་ན་རབ་དང། དེ་ལྟར་མ་ཐུབ་ཀྱང། རང་ཉིད་ཀྱི་བདེ་བའི་ཆེད་དུ་གཞན་སྡུག་བསྔལ་ལ་སྦྱོར་མི་འོས་པའི་སྐོར་སྔོན་བྱོན་མཁས་གྲུབ་དུ་མས་ལུང་རིགས་དཔེ་དང་བཅས་པའི་སྒོ་ནས་གསལ་བར་མཛད་པའི་ཟབ་ཆོས་དག་དང། དེ་བཞིན་“ཉེ་བར་ལེན་པའི་ཕུང་པོ་ལ་གཙང་བ་ལ་སོགས་པར་འཛིན་ཞིང་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ། ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་ནི་སྐྱེ་བ་ཡ་རབས་ཡིན་་་”12 པར་བརྩི་བ། རང་ཉིད་ལས། ལོ་དང་བསླབ་པ། ཡོན་ཏན། བཀའ་དྲིན་སོགས་ཀྱིས་ཆེ་བ་རྣམས་ལ་གུས་ཞབས་བྱེད་པས་མཚོན་ཕ་མེས་ནས་བརྒྱུད་པའི་སྲོལ་བཟང་དག་ལ་ཐུག་པ་ཡིན།
ལུས་ངག་ཡིད་གསུམ་ཡ་རབས་སུ་གནས་པ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད་དང། མ་བྱིན་པར་ལེན་པ། འདོད་ལོག་སྤྱོད་པ་བཅས་གསུམ་སྤོང་བ་དང། ངག་གི་སྒོ་ནས་རྫུན་དང། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཅས་བཞི་སྤོང་བ། ཡིད་ཀྱི་སྒོ་ནས་བརྣབ་སེམས་དང། གནོད་སེམས། ལོག་ལྟ་བཅས་གསུམ་སྤོང་བའི་ཚུལ་ཁྲིམས་ལ་གནས་པར་ཟེར་བ་ཡིན་ཞིང། སྤྱིར་ཞེ་ས་ནི་ལུས་ངག་ཡིད་གསུམ་ཡ་རབས་སུ་གནས་མི་གནས་དང་འབྲེལ་བ་ཡོད་ཅིང། བྱེ་བྲག་ཞེ་སའི་ཚིག་ནི། སྐབས་འདིའི་ངག་ཡ་རབས་སུ་གནས་ཐབས་སྤྱི་དང་ལྷག་པར་ཚིག་རྩུབ་སྤོང་བ་ཞེས་པ་དང་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན།
དེ་བཞིན་རང་ཉིད་ལས་ལོ་དང་ཡོན་ཏན་སོགས་ཀྱིས་ཆེ་བའི་གང་ཟག་ལ་གུས་བཀུར་ཞུ་ཚུལ་དེར། ལུས་ཀྱི་སྒོ་ནས་གུས་བཀུར་ཞུ་བ་དང། ངག་གི་སྒོ་ནས་གུས་བཀུར་ཞུ་བ། ཡིད་ཀྱི་སྒོ་ནས་གུས་བཀུར་ཞུ་བ་བཅས་གསུམ་ཡོད། དེ་ཡང་ཡིད་ཀྱི་སྒོ་ནས་བཅོས་མིན་དད་པའམ། གུས་པ། རྗེས་སུ་ཡི་རང་སོགས་གུས་ཡུལ་སོ་སོའི་གོ་བབ་ལ་གཞིགས་ཏེ་གང་ལ་དེ་འོས་དང། ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་དང། ཐལ་མོ་སྦྱོར་བ། འདུད་པ། དྲིན་གཟོ་བའི་བྱ་བ་བྱེད་པ། ཡང་ན་གུས་ཞབས་ཀྱི་རྣམ་འགྱུར་གཞན་སྟོན་པ་སོགས་གང་ལ་དེ་འོས་བྱེད་པ་དང། ངག་གི་སྒོ་ནས་གུས་པའི་སེམས་པ་མཚོན་པའི་ཞེ་སའི་ཚིག་སྙན་ལ་འཇམ་པར་སྨྲ་དགོས། དེ་གསུམ་ཀ་ནས་གང་རུང་མ་ཚང་ན། ཆ་ཚང་བའི་ཞེ་ས་ཆགས་མེད་པར་སྙམ། དཔེར་ན། ཡིད་ནས་གུས་པ་མེད་ཀྱང། ལུས་དང་ངག་གིས་ཞེ་ས་བྱེད་པ་ནི། “གཡོ་ཅན་སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །སྲིན་བྱ་སྙན་ནས་དགོད་པ་ནི། །ལྟས་ངན་གཏོད་ཀྱི་དགའ་ནས་མིན། །ཡིད་ལ་བསམ་པ་གཞན་བྱས་ནས། །ཚིག་ཏུ་སྨྲ་བ་གཞན་བྱེད་པ། །གཡོ་ཅན་ཞེས་སུ་གྲགས་པ་སྟེ། །བླུན་པོ་མཁས་པར་འཆོས་པ་ཡིན། །”13ཞེས་གསུངས་པ་ལྟར། འདི་ལྟ་བུའི་སྤྱོད་པ་ནི། ཕྱི་ཚུལ་དུ་མཛེས་མཛེས་ལྟར་སྣང་ཡང། དོན་དུ་གཡོ་སྒྱུའི་སྤྱོད་པར་གྱུར་བ་ཡིན། འདི་ལྟའི་གཡོ་སྒྱུའི་སྤྱོད་པ་ནི། ཞེ་སའི་ཚིག་རྩ་བ་ནས་མེད་ཀྱང་འབྱུང་ངེས་པ་ཡིན།
དེ་བཞིན་ཡིད་ནས་གུས་པ་ཡོད་ཀྱང་ལུས་དང་ངག་གིས་ཞེ་ས་མ་བྱས་ཚེ། རང་གི་སེམས་གཏིང་གི་གུས་བཀུར་གྱི་བསམ་པ་དེ། ལག་ལེན་དུ་མ་འཁྱོལ་བ་ཡིན་པས། འདི་འདྲའི་རིགས་ལ་བསམ་སྦྱོར་གཉིས་ལས། སྦྱོར་བ་མ་ཚང་བའི་སྐྱོན་བྱུང་བ་ལྟ་བུ་ཡིན་ནོ། །
དེར་བརྟེན། “ཡ་རབས་ཕྱག་དང་ཞེ་ས་མཁས་”ཞེས་པའི་གཏམ་དཔེའི་གོ་དོན་ཡང། འདི་དང་འདི་འདྲའི་གཞི་རྩ་ཡོད་མེད་ཀྱི་ཆ་ནས་འབྱེད་དགོས་པར་སྣང་བ་ལས། དེ་མིན། འཕགས་པ་ཀླུ་སྒྲུབ་ཀྱིས་“གཡོ་ཅན་ངག་འཇམ་སྨྲ་བ་ལ། །མཁས་པས་ནན་ཏན་མ་བརྟགས་པར། །ཡིད་བརྟན་བྱ་བར་རུང་མ་ཡིན། །རྨ་བྱ་ཡིད་འོང་སྒྲ་སྒྲོགས་པ། །ཟས་སུ་དུག་ཆེན་བཟའ་བ་བཞིན། །”14ཞེས་དང། བསྟན་པ་རྒྱ་མཚོས་“སྒུར་སྒུར་ཞུམ་ཞུམ་བྱེད་ཚད་ཆོས་པ་མིན། །ཆོས་མིན་ཆོས་པར་བརྫུ་ལ་གཟབ་པར་འཚལ། །གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན། །ཁ་འཇམ་ཁོག་རྩུབ་ཕྱོགས་ལ་གཟབ་པར་འཚལ། །”15ཞེས་སོགས་འཕགས་བོད་ཀྱི་སྐྱེས་ཆེན་མང་པོས་སེམས་རྒྱུད་ལ་ཡ་རབས་ཀྱི་གཞི་ཙམ་མེད་པར་ཕྱི་ཚུལ་ལ་ཡ་རབས་ཡིན་ཁུལ་བྱེད་པ་དག་ལ་གཟབ་དགོས་པ་འདི་ལན་གཅིག་མིན་པར་གསུངས་ཡོད་པ་ལྟར། ཁ་འཇམ་ཚད་ཡ་རབས་སུ་མངོན་པ་དང། ཚུལ་འཆོས་མཁན་དག་ཚུལ་ལྡན་དུ་འཁྲུལ་བའི་ཉེན་ཆེ་བ་ཡིན།
ཞེ་ཚིག་གི་སྤྱོད་གོ།
ལྷ་བླ་མ་ལ་མཆོད་བསྟོད་སོགས་བྱེད་སྐབས་དང། རྗེ་བློན་དག་ལ་དོན་གང་སྙན་སེང་ཞུ་སྐབས། བཀུར་འོས་ཀྱི་མི་སྣ་དག་དང་གཏམ་གླེང་བྱེད་སྐབས་སོགས་མདོར་ན་རང་རེའི་འཚོ་བའི་ནང་འཕྲིན་ིག་ཅིག་བསྐུར་སྐབས་ཚུན་ནས་ཞེ་ས་འདི་བེད་སྤྱོད་ཤིན་ཏུ་ཆེ་བ་ཡིན། ཞེ་སའི་སྤྱོད་གོའི་ཐད་སྔོན་བྱོན་མཁས་པའི་ལྗགས་རྩོམ་འགའ་ཞིག་དཔེ་མཚོན་དུ་དྲངས་ན།༓
བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས། བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་ལགས། །ལས་ངན་བདག་གི་སྨོན་ལམ་དཔང་པོ་རུ། །གཤེགས་ཤིག་བརྩེ་བས་དགོངས་པའི་དུས་ལ་བབ། །ཞེས་སོགས་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་ཞེ་ས་དང་བཅས་ཏེ་གདུང་འབོད་བྱས་པ་དེས། ཕྱོགས་གཅིག་ནས་རང་གི་གདུང་བ་དང་རེ་བ་རྣམས་མཚོན་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་སྡུག་བསྔལ་གྱིས་མནར་སྐབས་རེ་ས་དང་ཞུ་ས་དཀོན་མཆོག་གསུམ་ལས་མེད་ཅིང། དེ་ལ་དད་གུས་ཀྱི་རྣམ་འགྱུར་མ་ལྷོད་པའི་ཉམས་དེ་གསལ་པོར་མཚོན་ཐུབ་པ་ལྟ་བུ་དཀོན་མཆོག་ལ་ཞེ་ས་བྱེད་པའི་དཔེ་མཚོན་དང།
ཐོན་མི་སཾབྷོཊས། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོར་གུས་པ་ཆེན་པོས་བསྟོད་པ་མཛད་པ་འདིར། ཞེ་ས་མེད་ན། ཚིག་གི་ཆ་ནས་བྱ་དཀའ་བའི་སྙན་ངག་དང། དོན་གྱི་ཆ་ནས་རྒྱལ་པོར་གུས་པ་བཅོས་མིན་ཡོད་པའི་གནད་མཚོན་དཀའ་བ་ནི། རང་ལས་ཆེ་བར་ཞེ་ས་བྱེད་ཚུལ་གྱི་དཔེ་དང།
ཡང་གཏམ་པདྨའི་ཚལ་གྱི་ཟློས་གར་ལས། ཀྱེ་ཀྱེ་སྙིང་སྡུག་གཞོན་པ། །དང་པོ་འགྲོགས་ནས་ད་ལྟའི་བར་དུ། །བརྩེ་བའི་འཛུམ་གྱིས་བསྐྱངས་པའི་ཞལ་མཛེས། །གནག་པའི་ཁྲོ་གཉེར་བསྡུས་པ་མི་དྲན། །བྱམས་པའི་གསུང་གིས་བསྐྱངས་པའི་ངག་སྙན། །ཁྲོས་པའི་བཀའ་བཀྱོན་གནང་བ་མི་དྲན། །བརྩེ་བའི་ཐུགས་ཀྱིས་འགྲོགས་པའི་ངང་བཟང། །ཁྲེལ་མེད་འཆི་ཐག་བསྟུང་པ་མི་དྲན། །ཞེས་པའི་བརྗོད་པ་འདི་ལས། ཁྱོ་བོ་དུས་མིན་ཚེ་ལས་འདས་པའི་བུད་མེད་ཅིག་གི་སེམས་ཀྱི་གདུང་བ་དང། ཁྱོ་བོར་བཅངས་པའི་བརྩེ་བ་དང་གུས་བཀུར་གྱི་བསམ་བློ་དེ་ཇི་མ་ཇི་བཞིན་དུ་ཞེ་ས་དང་བཅས་པའི་ཚིག་གིས་ལམ་ནས་མཚོན་པ་ནི་རང་དང་མཉམ་པ་ལ་ཞེ་ས་བྱེད་ཚུལ་གྱི་དཔེ་དང།
རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས། ཀྱེ་མ་གྲོགས་པོ་ཁྱོད་ནི་ཐག་རིང་ལམ་ནས་འོངས། །ལ་ལུང་མང་པོ་མྱུར་དུ་བརྒལ་བ་ལ། །ཐང་ཆད་སྐུ་ནི་ངལ་བ་མ་གྱུར་ཏམ། །གང་འདོད་བཀའ་དེ་མྱུར་དུ་སྩོལ་ཅིག་ཨང། །ཁྱོད་ཀྱི་འདོད་པ་བདག་གིས་བསྒྲུབས་ལགས་སོ། །ཞེས་དབང་དང་གོ་ས་མཐོ་བའི་རྒྱལ་པོས། སློང་མོར་ཡོང་བའི་བྲམ་ཟེ་རྒས་པོ་ཞིག་ལ་ཞེ་ས་དང་བཅས་ཏེ་གསུངས་པ་འདི་ལས། གཅིག་ནས་ཉམ་ཐག་པ་ལ་ལྷག་པར་བརྩེ་བའི་རྒྱལ་པོའི་ཐུགས་གཤིས་གསལ་པོར་མངོན་ཐུབ་པ་དང། གཉིས་ནས་ལོ་ཡི་ཆ་ནས་རྒན་པ་དག་ལ་མཐོ་རྒྱལ་པོས་ཀྱང་གུས་ཞབས་བྱེད་པའི་རྣམ་པ་གསལ་པོར་མཐོང་ཐུབ་པ་འདི་ལོ་རྒན་པར་ཞེ་ས་བྱེད་ཚུལ་གྱི་དཔེ་དང།
ཡང་། མི་ལ་རས་པའི་རྣམ་ཐར་དུ། སྔར་མི་ལ་ཤེས་རབ་རྒྱལ་མཚན་བཞུགས་པའི་ཚེ། །མི་དྲག་ཞན་ཀུན་ངེད་ཀྱི་ཞལ་འཛུམ་དཀར་ནག་ལ་བལྟ་བ་ཡིན་ཏེ། །ཕྱིས་ནོར་ཡོད་པའི་རྒྱལ་པོའི་ཚུལ་དུ་སོང་ནས། །ཨ་ཁུ་དང་ཨ་ནེའི་ཞལ་འཛུམ་ལ་བལྟ་དགོས་བྱུང། ཞེས་གསུངས་པའི་ནང། ཞེ་ཚིག་“ཞལ་”ཞེས་པ་ཞིག་ལས་མེད་ཀྱང། དེ་རང་གཞན་གཉིས་ཀར་སྤྱད་པ་དེས། རྒྱུ་གང་ལ་ཡོད་ན། དེ་ལ་གུས་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་མཚང་ངན་གསལ་པོར་བསྟན་པ་ཡིན་ཞིང། སྤྱིར་རང་གིས་རང་ལ་ཞེ་ས་བྱེད་པ་མི་འོས་པ་ཡིན་ནའང། ཟུར་ཟའི་སྐབས་འདི་ལྟ་བུ་དང། གཞན་ཡང་སྔ་མོ་རྒྱལ་པོ་དང། གཞུང་གིས་མང་ཚོགས་ལ་སྩལ་བའི་བཀའ་ཡིག་ཁག་གི་ནང། རང་གིས་རང་ལ་ཞེ་ས་མང་དུ་བྱས་ཤིང། བཀའ་གནང་ཡུལ་གྱི་མང་ཚོགས་ལ་ཞེ་ས་མི་བྱེད་པ་ནི། རྒྱལ་པོ་དང་གཞུང་གི་དབང་ཤུགས་དང་གཟི་བརྗིད་མཚོན་བྱེད་ཅིག་ཏུ་སྣང། འདི་ནི་རང་གིས་རང་ལ་ཞེ་ས་བྱེད་པའི་དཔེ་མཚོན་ཡིན།
མདོ་དོན་སྔར་གྱི་ཡིག་རྙིང་དང་། རྒྱལ་རབས་ལོ་རྒྱུས། སངས་རྒྱས་ཀྱི་གསུང། མཁས་པའི་བསྟན་བཅོས། བླ་ཆེན་མི་ཆེན་གྱི་རྣམ་ཐར། བསྟོད་ཚོགས་དང་གདུང་འབོད་སོགས་ལ་ཞེ་ས་ཤིན་ཏུ་མང་བས། ཞེ་ས་ཤེས་ན་དེ་དག་གི་དགོངས་དོན་དཔྱིས་ཕྱིན་པ་ཤེས་པར་ཕན་ཐོགས་ཡོད་པ་དང་གཅིག རྩོམ་འབྲི་སྐབས་ཀྱང་ཞེ་ས་བེད་སྤྱོད་བྱས་ཚེ། རྩོམ་པ་པོ་རང་ཉིད་དམ་རྩོམ་ཡིག་ནང་གི་མི་སྣས། གང་དག་ལ་གུས་སེམས་ཡོད་པ་དང། གང་དག་ལ་གུས་སེམས་མེད་པའི་སེམས་ཁམས་མཚོན་པར་དམིགས་བསལ་གྱི་ཕན་ནུས་ཡོད་པ་མ་ཟད། རྩོམ་གྱི་སྙན་ཉམས་ལའང་ཕན་ཐོགས་ངེས་ཅན་ཡོད་པ་དང་གཉིས། ནམ་རྒྱུན་རང་གི་གུས་བཀུར་ཞུ་ཡུལ་སྐྱེ་བོ་དག་དང་གཏམ་གླེང་བྱེད་སྐབས་ཞེ་ས་གང་ལ་དེ་འོས་བྱས་ན། འཇིག་རྟེན་མི་ཆོས་དང་མཐུན་པ་མ་ཟད། དམ་པའི་ལྷ་ཆོས་དང་ཡང་མཐུན་ཞིང། དེ་བཞིན་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། “སྦྱིན་སོགས་ཕན་པ་རྒྱ་ཆེ་ཡང། །ཚིག་རྩུབ་སྨྲས་ན་གཞན་ཡིད་ལྡོག །མ་བྱིན་མ་ཕན་མ་བསྐྱངས་ཀྱང། །སྙན་པར་སྨྲ་བས་འཇིག་རྟེན་འདུད། །མ་བཏབ་གནད་དུ་སོང་བའི་མཚོན། །མ་འཐུང་ཁོང་དུ་སོང་བའི་སྨན། །མ་ཟོས་ཡིད་འགྱུར་བ་ཕལ། །བྱ་བ་གཞན་ལས་བྱུང་བ་ཉུང། །ཚིག་ལས་བྱུང་བ་ཤིན་ཏུ་མང་། །དེ་ཕྱིར་ཚིག་རྣམས་བརྟགས་ཏེ་སྨྲ། །”ཞེས་གསུངས་པ་ལྟར། གཞན་གྱིས་བལྟས་ཀྱང་མཐོང་ཚུལ་བཟང་པོ་འབྱུང་བ་དང། སུས་ཉན་ཀྱང་ཡིད་ལ་འགྲོ་བ་སོགས་ནི་ཞེ་སའི་སྤྱོད་གོའོ། །
ཞེ་ཚིག་བེད་སྤྱོད་བྱེད་ཚུལ།
དེ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་“རང་རེ་བོད་ཀྱི་ཡི་གེའི་ནང་དུ་ཞེ་སའི་མིང་ཚིག་མང་པོ་ཡོད་སྟབས། རང་ལ་དྲིན་ཆེ་བའི་དགེ་རྒན་དང། མི་ལུས་རིན་ཆེན་སྐྱེད་པའི་ཕ་མ། ཡིད་གཅུགས་པའི་མཛའ་གྲོགས་དང། རྩོད་མེད་ཀྱི་མཁས་པ་ཆེན་པོ་རྣམས་ལ་ཞུ་ཡིག་འབུལ་ན་ཞེ་སའི་ཚིག་ཅི་ཡང་མེད་པར་བྲིས་ན་དམ་པ་ལྷ་ཆོས་དང་མི་མཐུན་པར་མ་ཟད། འཇིག་རྟེན་མི་ཆོས་དང་ཡང་མི་མཐུན་པའི་སྐྱོན་ཆེན་པོ་ཞིག་ཡིན་པས་ཞེ་སའི་མིང་ཚིག་རྣམས་གང་ལ་སྦྱོར་རྒྱུ་རྣམས་ཤེས་རྒྱུ་གལ་ཆེ། བོད་པའི་ཁ་སྐད་ནང་ན་ཡུལ་མཆོག་དམན་བར་གསུམ་ལ་ཁྱད་པར་མེད་པར་ཞེ་ས་མང་ཆེ་བའི་སྐྱོན་ཡོད།”16ཅེས་གསུངས་པ་ལྟར། སྤྱིར་བཏང་ཞེ་ཚིག་ཤེས་པ་བྱེད་རྒྱུ་འདི་དཀའ་གནད་ཅིག་ཡིན། དེའི་རྒྱུ་མཚན་ནི། ཞེ་ཚིག་ཚུལ་བཞིན་བེད་སྤྱོད་བྱེད་པ་ལ་རྩ་བའི་གནད་འགག་གསུམ་ཡོད་པ་རྟོགས་དགོས་པས་ཡིན།
དང་པོ་ནི། གང་ཟག་གང་དང་གང་ལ་ཞེ་ཚིག་བརྗོད་དགོས་མིན་དེ་ཐག་གཅོད་བྱེད་དགོས། དེ་ཡང་གང་ཟག་གང་དང་གང་ལ་ཞེ་ས་བྱེད་མིན་ནི། ཞེ་ས་བྱེད་པ་པོ་རང་ཉིད་ཀྱིས་གང་ཟག་གང་དང་གང་ལ་དད་གུས་ཡོད་མིན་གྱི་ཆ་ནས་འཇོག་དགོས་མོད། སྤྱི་ཁྱབ་ནས་བཤད་ཚེ། བསྟན་པ་དང་འགྲོ་བ་ལ་བཀའ་དྲིན་ཆེ་བའི་བླ་མ་དང། རྩོད་མེད་ཀྱི་མཁས་པ། གཞུང་གི་གནད་ཡོད་མི་སྣ། རང་ཉིད་ཀྱི་དགེ་རྒན་དང། ཕ་མ་སོགས་ལ་ཞེ་ས་བྱེད་འོས་པ་མ་ཟད། ལོ་ཆུང་བས་ཆེ་བ་དང། སྐྱ་བོས་སེར་མོ་བར་ཞེ་ས་བྱེད་པའང་ཚུལ་དང་མཐུན་པ་ཡིན།
གཉིས་པ། ཞེ་ཚིག་བརྗོད་སྐབས། རང་ལ་ཞེ་ཚིག་ནམ་ཡང་བརྗོད་མི་རུང་བ་མ་ཟད། གཞན་ལ་སྤྱོད་རྒྱུའི་ཞེ་ཚིག་རྣམས་མ་ནོར་བར་ཤེས་དགོས་པ་སྟེ། གཞན་ལ། ལགས་དང། མཆོག།ཕེབས། བཞུགས་སོགས་ཐོབ་ཀྱང། རང་གིས་རང་ལ་ཚིག་དེ་དག་ནམ་ཡང་བརྗོད་མི་འོས་པ་ལྟ་བུ་ཡིན།
ཞེ་ས་བྱེད་ཡུལ་གྱི་ནང་དུའང། མཐོ་དམན་ཡོད་སྟབས་ཞེ་སར་ཡང་མཐོ་དམན་ཡོད་པ་ལས་ཞེ་ས་ཐོབ་ཡུལ་ཚང་མར་ཞེ་ཚིག་གཅིག་གྱུར་ཞིག་མིན་པ་སྟེ། དེ་ཡང་གཙོ་བོ་གནད་འགག་ཅན་གྱི་ཚིག་འགའ་ཞིག་གི་ཐད་མི་འདྲ་བ་ཡོད། དཔེར་ན།
ཤིན་ཏུ་མཐོ་བ། | མཐོ་བར། | སྤྱི་བཏང་ལ། |
ཆིབས་བསྒྱུར། | ཕེབས། | ཡོང་བའམ་ཕྱིན། |
སྩལ། | གནང། | སྤྲད་པ། |
ལྗགས་སྨིན། | ཞལ་ལག | ཁ་ལག |
ཞལ་སྐྱིན། | སྐུ་ཚབ། | ཚབ། |
བཀའ་ཆེམས། | ཞལ་ཆེམས། | ཁ་ཆེམས། |
སྐུ་གདུང། | སྐུ་རུས། | རུས་པ། |
བཀའ་རྩོམ། | གསུང་རྩོམ། | རྩོམ། |
བཀའ་ཆོས། | གསུང་ཆོས། | ཆོས་བཤད། |
གསེར་ཞལ། | ཞལ་རས། | གདོང། |
དབུ་ལོ། དབུ་ལྗོན། | དབུ་སྐྲ། | སྐྲ། |
སྐུ་ཉིད། | ཁྱེད། | ཁྱོད། |
སོགས་སྔ་མ་རྣམས་ཕྱི་མ་ལས་ཡུལ་མཐོ་བར་འཇུག་པ་ལྟ་བུ་ཡིན། དེ་ཡང་དཔེའི་ཐོག་ནས་གསལ་བར་བྱས་ན། བོད་གཞུང་གི་དྲུང་ཆེ་རྣམ་པ་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ལྟ་བུ་བྲིས་ན་མི་འཚམས་པ་ནི། ཆིབས་བསྒྱུར་ཞེས་པ་འདི་དེང་སྐབས་༸གོང་ས་མཆོག་ལྟ་བུའི་ཡུལ་ཤིན་ཏུ་མཐོ་བ་རྣམས་ལ་མ་གཏོགས་བེད་སྤྱོད་བྱེད་སྲོལ་མེད་པས་ཡིན་ནོ། །
གསུམ་པ། གཞན་ལ་བརྗོད་རྒྱུའི་ཞེ་ཚིག་རྣམས་མ་ནོར་བར་བརྗོད་ཤེས་པ་ཙམ་གྱིས་ཞེ་ཚིག་ཆ་ཚང་བ་ཞིག་མིན་པ་སྟེ། དཔེར་ན། གུས་ཡུལ་ཞིག་ལ་རང་གིས། “སྐུ་ཉིད་གང་དུ་ཕེབས་སམ་”ཞེས་དྲིས་པར། དེས་རང་ལ། “ང་གཙུག་ལག་ཁང་ལ་འགྲོ། དེ་སྔོན་ངས་ཁྱེད་ལ་མངགས་པའི་ལས་ཀ་དེ་བྱས་ཚར་སོང་ངམ།” ཞེས་དྲིས་པར། རང་གིས་“ངས་བྱས་ཚར་བ་ཡིན།” ཞེས་སྨྲས་པ་ལྟ་བུར་མཚོན་ན། གཞན་ལ་ཐོབ་པའི་ཞེ་ཚིག་རྣམས་མ་ནོར་བར་བེད་སྤྱོད་བྱས་ཡོད་ཀྱང། “ངས་བྱས་ཚར་བ་ཡིན་” ཞེས་པ་དེས་ཞེ་ཚིག་ཆ་ཚང་བ་ཆགས་མེད། དེའི་ཚབ་ཏུ་“ངས་ཞུས་ཟིན་པ་ཡིན་”ལྟ་བུའམ། ཡང་ན། “གུས་པས་ཞུས་ཟིན་པ་ཡིན་”ལྟ་བུ་བརྗོད་དགོས། དེར་བརྟེན། རང་ཉིད་དམན་ས་བཟུང་བའི་ཚིག་དཔེར་ན། གུས་པ་དང། ཕྲན་ལྟ་བུ་དང། བྱ་བ་བྱས་དང་བྱེད་བཞིན་སོགས་ལ། གུས་པས་ཞུས་དང། གུས་པས་ཞུ་བཞིན་ཡོད་ལྟ་བུ་རྣམས་བེད་སྤྱོད་བྱེད་ཚུལ་ཡང་ཤེས་དགོས་པ་གནད་འགག་ཆེའོ། །
ཞེ་ཚིག་གྲུབ་སྟངས།
ཞེ་ཚིག་གི་གྲུབ་སྟངས་ལ་དཔྱད་ཚེ། ཞེ་ཚིག་ཐོབ་ཡུལ་ནི་གཙོ་བོ་གང་ཟག་དང། དེའི་ནང་ནས་ཀྱང་མི་དང། དཀོན་མཆོག ལྷ་སོགས་ཡིན་སྟབས། ཞེ་ཚིག་ཀྱང་མང་ཆེ་བའང་དེ་དག་གི་ལུས་དང། ངག ཡིད། སྤྱོད་ལམ་བཅས་བཞིའམ། དབང་པོ་ལྔ་དང་འབྲེལ་ཚོགས་ཆེ་བ་ནི་ཆོས་ཉིད་གཙོ་བོ་གཅིག་ཏུ་སྣང།
དཔེར་ན། ལུས་ཀྱི་ཞེ་སར་སྐུ་ཞེས་འབོད་པའི་ཆ་ནས་སྐུ་གཟུགས་དང། སྐུ་ཚད་དང། སྐུ་བརྙན། སྐུ་པར། སྐུ་ཡོན། སྐུ་ཤ།སྐུ་སྟོབས། སྐུ་ཆས། སྐུ་རུས། སྐུ་བསོད། སྐུ་དབང། སྐུ་འཁོར། སྐུ་སྐལ། སོགས་ལུས་དང། ལུས་དང་འབྲེལ་བའི་བྱ་དགོས་གཞན་པའི་ཞེ་ཚིག་གྲུབ།
དེ་བཞིན་ལུས་ཀྱི་ཆ་ཤས་མགོ་ལ་དབུ་དང། ལག་པ་ཕྱག རྐང་པར་ཞབས་སོགས་བརྗོད་པའི་ཆ་ནས་དབུ་ཞྭ་དང། དབུ་རྒྱན། དབུ་མཛད། དབུ་སྐྲ། ཕྱག་དངུལ། ཕྱག་རྫས། ཕྱག་སྨྱུག ཞབས་རྗེས། ཞབས་འཕྱག་སོགས་ལུས་དང། ལུས་ཀྱི་ཆ་ཤས་དེའམ། དེ་དང་འབྲེལ་བའི་དངོས་རྫས་ཀྱི་ཞེ་ཚིག་མང་པོ་གྲུབ་པ་ཡིན། ལུས་ངག་ཡིད་གསུམ་གྱིས་ནང་ནས་ལུས་དང་འབྲེལ་བའི་ཞེ་ས་ནི་མང་ཤོས་སུ་སྣང་སྟེ། དེའི་རྒྱུ་མཚན་ཡང་གཟུགས་དང། སྒྲ། དྲི། རོ། རེག་བྱ་བཅས་མྱོང་བྱེད་ཀྱི་དབང་པོ། མིག་དང། རྣ་བ། སྣ། ལྕེ་སོགས་སོ་སོའི་རྟེན་རྣམས་ལུས་ཀྱི་ཆ་ཤས་སུ་གནས་པས་ཡིན།
ངག་ལ་གསུང་ངམ། བཀའ། ཞེས་བརྗོད་པའི་ཆ་ནས། གསུང་དབྱངས།་དང། གསུང་བཤད། གསུང་མོལ། གསུང་རྩོམ། བཀའ་སློབ། བཀའ་མོལ། བཀའ་བཀྱོན། བཀའ་ལན་སོགས་གྲུབ་པ་ཡིན།
ཡིད་ལ་ཞེ་ཚིག་ཏུ་ཐུགས་དང་དགོངས་པ་ཞེས་བརྗོད་པའི་ཆ་ནས། ཐུགས་བཞེད་དང། ཐུགས་འདུན། ཐུགས་སྨོན། ཐུགས་ཞིབ། དགོངས་བཞེད། དགོངས་རྫོགས། དགོངས་འགལ། དགོངས་ཚོམ་སོགས་གྲུབ།
དབང་པོ་ལྔ་དང་འབྲེལ་བའི་ཞེ་ཚིག་གྲུབ་ཚུལ་ཡང་གོང་དང་འདྲ་བར་དབང་པོ་དེ་དང་དེའི་ཞེ་ཚིག་གང་ཡིན་པ་དེ། དབང་པོ་དེའི་བྱེད་ལས་དང་ལོངས་སུ་སྤྱད་བྱའི་དངོས་རྫས་སོགས་ཀྱི་མིང་གི་ཐོག་མར་སྦྱར་ནས་ཞེ་ཚིག་ཏུ་གྲུབ་པ་ཤས་ཆེ་བར་སྣང། དཔེར་ན། མིག་ལ་སྤྱན་ཞེས་བརྗོད་པའི་ཆ་ནས། མིག་སྤུ་ལ་སྤྱན་སྤུ་དང། མིག་ཤེལ་ལ་སྤྱན་ཤེལ། མིག་བལྟོས་ལ་སྤྱན་བལྟོས། མིག་ལ་བསྟན་པར་སྤྱན་འབུལ། མིག་གིས་ཞིབ་ཚགས་ངང་བལྟས་པར། སྤྱན་ཞིབ་སོགས་གྲུབ།
རྣ་ལ་སྙན་ཅོག་ཅེས་བརྗོད་པའི་ཆ་ནས། རྣ་བས་ཉན་པར་སྙན་གྱིས་གསན་དང། རྣ་ཅོག་སུན་པར་སྙན་སུན། རོལ་མོའི་རིགས་ལ་སྙན་གསན། སྐུལ་མ་བྱས་པར་སྙན་སྐུལ་ཞུས་སོགས་གྲུབ།
སྣ་ལ་ཤངས་ཞེས་བརྗོད་པའི་ཆ་ནས། སྣ་ཐ་ལ་ཤངས་ཐ་དང། སྣ་འཕྱིས་ལ་ཤངས་རས་སམ་ཤངས་འཕྱིས་སོགས་གྲུབ། སྣ་དང་འབྲེལ་བའི་ཞེ་ཚིག་ནི་སྤྱིར་ན་ཉུང་བར་སྣང་ཞིང། དེའི་རྒྱུ་མཚན་ནི་མ་བཤད་ཀྱང་ཤེས་ནུས།
ལྕེ་ལ་ལྗགས་ཞེས་བརྗོད་པའི་ཆ་ནས། སྲུང་མདུད་ལ་ལྗགས་མདུད་དང། རྩོམ་ལ་ལྗགས་རྩོམ། ལུང་ལ་ལྗགས་ལུང། འགྲེལ་བཤད་བྱས་པར་ལྗགས་བཤད་གནང་བ། ཟས་ཀྱི་བྲོ་བ་འདོན་བྱེད་ཀྱི་སྤོས་ལ་ལྗགས་སྤོས། བྲོ་བར་ལྗགས་བྲོ་སོགས་གྲུབ་པ་ལྟ་བུ་ཡིན།
དེ་བཞིན་ལུས་སམ་ལུས་ཀྱི་ཡན་ལག་ཁག་གི་བྱེད་ལས་དང་འབྲེལ་བའི་ཞེ་ཚིག་ཁག་ཅིག་ཀྱང་ཡོད་པ་དེ་དག་ནི་ཞེ་ཚིག་ནང་བེད་སྤྱོད་ཧ་ཅང་ཆེ་བ་ཤ་སྟག་སྟེ། དཔེར་ན། བལྟས་པ་དང་མཐོང་བའི་ཞེ་སར་གཟིགས་ཞེས་བརྗོད་པའི་ཆ་ནས་གཟིགས་སྟངས་དང། གཟིགས་སྐོར། གཟིགས་སྣང། གཟིགས་ཚུལ། གཟིགས་ཆོས་སོགས་མང་དག་གྲུབ་པ་དང། འགྲོ་བ་དང། ཕྱིན་པ། ཡོང་བ་བཅས་ཀྱི་ཞེ་སར་ཕེབས་པ་ཞེས་བརྗོད་པའི་ཆ་ནས་ཕེབས་ལམ་དང། ཕེབས་རོགས། བཀའ་ཕེབས། ཕེབས་བྱམས། ཕེབས་བསུ། ཕེབས་ཡུལ་སོགས་གྲུབ། ཡང་ཉལ་བའི་ཞེ་སར་གཟིམ་ཞེས་བརྗོད་པའི་ཆ་ནས་རྒྱུན་དུ་སྡོད་ཡུལ་ཁང་པར་གཟིམ་ཁང་དང། ཉལ་ཆས་ལ་གཟིམ་ཆས། གཡོག་པོར་གཟིམ་གཡོག སྐུ་སྲུང་དམག་མིར་གཟིམ་དམག་སོགས་གྲུབ་པ་དང། བྱས་པ་དང་སྤྲད་པའི་ཞེ་སར་གནང་ཞེས་ཐོབ་པའི་ཆ་ནས། སྐུ་རྩེད་གནང་དང། བཀའ་ཆོས་དང། གསན་བསམ་གནང། གསོལ་རས་གནང། གནང་སྐྱེས། གནང་སྒོ་སོགས་བརྒྱ་གོ་གཅིག་ཆོད་དུ་གྲུབ། དེ་བཞིན་བླངས་པ་དང་བཟས་པའི་ཞེ་སར་བཞེས་ཞེས་བརྗོད་པའི་ཆ་ནས། ཁས་བླངས་པར་ཞལ་བཞེས་དང། ཉམས་སུ་བླངས་པར་ཉམས་བཞེས། ཚུལ་བསྟན་པར་ཚུལ་བཞེས། ཟས་བཟས་པར་ཞལ་ལག་བཞེས་སོགས་གྲུབ་པས་མཚོན། མཆོད་དང། ཆིབས། བསྐྱངས། སྩལ་སོགས་ཀྱང་རིགས་བསྒྲེའོ། །
ཡང། ལུས་ངག་ཡིད་གསུམ་མམ། དབང་པོ་ལྔ་པོ་གང་དང་ཡང་མ་འབྲེལ་བར་ཅ་དངོས་འགའ་ཞིག་གི་མིང་ལ་ཐད་ཀར་འབོད་པའི་ཞེ་ཚིག་ཀྱང་འགའ་ཞིག་ཡོད་པ་སྟེ། དཔེར་ན། ཆང་ལ་ཁྲུང་དང། ཤ་ལ་ཀྲུམ། ཆུ་ལ་ཆབ། མེ་ལ་ཞུགས། ཕྱེ་ལ་བཤོས་ཞེས་འབོད་པའི་ཆ་ནས། ཁྲུང་སྐྱོགས་(ཆང་སྐྱོགས)དང། ཁྲུང་ཞུ་མ་(ཆང་ཞུ་མཁན་གྱི་བུད་མེད།) ཁྲུང་བན།(ཆང་སྣོད) ཀྲུམ་ཕག(ཕག་ཤ) ཆབ་གཞོང།(ཆུ་གཞོང) ཆབ་ཟོམ།(ཆུ་ཟོམ) ཞུགས་ཤིང།(མེ་ཤིང) ཞུགས་ཐབ།(ཐབ) བཤོས་རིལ།(བག་རིལ)སོགས་གྲུབ།
གཞན་ཡང། ཚེག་ཁྱིམ་གྲུབ་སྟངས་ཀྱི་ཆ་ནས་དཔྱད་ན། སྐུ། གསུང། ཐུགས། དབུ། ཤངས། ལྗགས་སོགས་ཚེག་ཁྱིམ་རྐྱང་པ་གཅིག་གིས་ཞེ་ས་གྲུབ་པ་དང།
སྐུ་གཟུགས་དང། དབུ་སྐྲ། གསུང་གཞས། སྤྱན་ཤེལ། སྤྱན་ཆབ་སོགས་ཚེག་ཁྱིམ་གཉིས་ཀྱིས་ཞེ་ས་གྲུབ་པ་དང།
ཁྲུང་ཞུ་མ་དང། སྐུ་སྲུང་བ་སོགས་ཚེག་ཁྱིམ་གཉིས་ཡན་གྱིས་གྲུབ་པའི་ཞེ་ཚིག་རིགས་གསུམ་ཡོད་ཅིང། ཞེ་ཚིག་ཕལ་མོ་ཆེ་ཚེག་ཁྱིམ་གཅིག་གམ་གཉིས་ཀྱིས་གྲུབ་ཅིང། ཚེག་ཁྱིམ་གཉིས་ཡན་གྱི་ཞེ་ཚིག་ཉུང་ཉུང་ཡིན།
འགའ་ཞིག་གིས་སྙེལ་གསོལ་ཞུས་དང། ཐུགས་དྲན་གསོས། སྐུ་སྐྱེ་ཕེབས་ལྟ་བུ་རྣམས་ཚེག་ཁྱིམ་གསུམ་གྱིས་ཞེ་ཚིག་ཏུ་གྲུབ་པར་བརྩི་མཁན་སྣང་ཡང། སྐུ་སྐྱེ་ཕེབས་ལྟ་བུར་མཚོན་ན། སྐུ་སྐྱེ་ཞེས་པ། ཡང་སྲིད་ཀྱི་ཞེ་ཚིག་དང། ཕེབས་ཞེས་པ་སྐབས་འདིར་སྐྱེས་པའམ་ཡོང་བའི་ཞེ་ས་ཡིན་པ་གཉིས་བསྡོམས་ཏེ། “སྐུ་སྐྱེ་ཕེབས”ཞེས་གྲུབ་ཅིང། དེ་ཚེག་བར་གསུམ་ཅན་གྱི་ཞེ་ཚིག་ཏུ་བགྲངས་ན། “གཟིམ་ཆུང་ནང་དུ་སྐུ་སྐྱེ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས།” ལྟ་བུ་ཡང། ཚེག་ཁྱིམ་བཅུ་གཉིས་ཅན་གྱི་ཞེ་ཚིག་ཏུ་བརྩི་དགོས་པའི་སྐྱོན་འབྱུང་བ་ཡིན།
ཡང་། གསོལ་ཀྲུམ་དང། དབུ་མཛད་ལྟ་བུས་མཚོན་ཚེག་ཁྱིམ་སྔ་ཕྱི་གཉིས་ཀ་ཞེ་ཚིག་ཡིན་པ་ཉུང་ཤས་ཡོད་པ་ཕུད། དེ་མིན་དབུ་སྐྲ་དང། སྐུ་གཟུགས། གསོལ་ཇ། སྐུ་པུར། ཕེབས་ལམ། ཕེབས་སྒོ་སོགས་ཚེག་ཁྱིམ་གཉིས་དང་གཉིས་ཡན་གྱི་ཞེ་ཚིག་ཕལ་མོ་ཆེའི་ཞེ་ཚིག་ཁག་གི་ཚེག་ཁྱིམ་སྔ་མ་ཞེ་ཚིག་དང། ཕྱི་མ་ཕལ་ཚིག་གིས་གྲུབ་ཅིང། དེ་དག་གི་ཚེག་ཁྱིམ་སྔ་མར་ཡོད་པའི་ཞེ་ཚིག་དབུ་དང། སྐུ། གསོལ་སོགས་དོར་ནའང། སྐྲ་དང། གཟུགས། ཇ་སོགས་གང་བརྗོད་པར་འདོད་པའི་དོན་དེ་སྤྱིར་ན་སྟོན་ཐུབ་པ་ཡིན།
མཇུག་བསྡོམས།
བོད་ཀྱི་ཞེ་ས་ནི་སྤྱོད་སྒོ་ཆེ་ལ་དར་ཡུན་རིང་ཞིང། ཡ་རབས་སྲོལ་བཟང་གི་རྣམ་པ་གསལ་པོར་མཚོན་ཐུབ་པ་ཞིག་ཡིན་པས། འདི་ཉིད་བོད་ཀྱི་རིག་གཞུང་སྤྱི་དང་འདྲ་བར་གཅེས་འཛིན་ངེས་པར་བྱེད་གལ་ཆེ། འོན་ཀྱང་ཞེ་ས་མི་ཉམས་གཅེས་འཛིན་ཞེས་པའི་གོ་དོན་ནི། ཁ་ནས་གུས་ཚིག་བརྗོད་ཤེས་པ་བྱེད་རྒྱུ་ཙམ་ལ་གོ་མི་རུང་བར། “སེམས་དྲང་པོར་བཞག་ན་ཆོས་ལས་ལྷག ལས་དྲང་པོར་བྱས་ན་མགོ་འཕང་མཐོ། གཏམ་དྲང་པོར་བཤད་ན་དགྲ་ཡང་མགུ་”ཞེས་དང། “སྐྱེ་ས་སྐྱེ་ཡུལ་སྐད་ནས་ཤེས། ཡ་རབས་མ་རབས་སྤྱོད་པས་ཤེས་”ཞེས་སོགས་མེས་པོ་གོང་མ་རྣམས་ཀྱིས་བཞག་པའི་གཏམ་དཔེ་དང་མཐུན་པར། ལུས་ངག་ཡིད་གསུམ་ཀ་ཡ་རབས་སུ་གནས་ཐབས་སུ་བརྩོན་དགོས་པ་འདི་གནད་ཆེན་པོ་ཡིན།
དེ་ཡང་རང་རེའི་མེས་པོ་གོང་མའི་གསུང་རྒྱུན་ཁག་གི་ནང། ཞེ་ས་ཤེས་དགོས་རབས་གསུངས་ཡོད་པ་བདེན་ཀྱང། ཁ་མཁས་གཡོ་སྒྱུར་བརྩོན་མི་རིགས་པ་ཡང་ནན་ཆེན་པོས་གསུངས་པ་དང། གོང་དུ་ཞེ་སར་ལུས་ངག་ཡིད་གསུམ་ཁ་མ་བྲལ་བའི་སྒོ་ནས་ཞེ་ས་བྱེད་དགོས་ལུགས་བཤད་པ་དག་ཕྱོགས་གཅིག་ཏུ་བསྒྲིལ་ན། ཞེ་ས་ཞེས་པ། ཡ་རབས་བཟང་སྤྱོད་ཅིག་ཏུ་གོ་ཡོང་བས། ཕ་མ་དང་དགེ་རྒན་ཚོས། སློབ་ཕྲུག་ཚོར་ཞེ་སའི་ཚིག་སློབ་སྟོན་བྱེད་སྐབས་ཀྱང། གཞི་རྩ་འདི་འདྲ་ཞིག་གི་ཐོག་ནས་སློབ་ཁྲིད་གནང་རྒྱུ་ནི་དོན་གྱི་སྙིང་པོ་ཡིན།
གནད་འདི་ལ་གཞིགས་ནས་སྒང་ཏོག་ཏུ་བཅའ་བཞུགས་མཁྱེན་ཡངས་ཚེ་དབང་རྟ་མགྲིན་ལགས་ཀྱིས། ཞེ་སའི་རྣམ་འབྱེད་ཅེས་པའི་དེབ་ཅིག་བརྩམས་གནང་མཛད་པ་དེ། སྐབས་བཅུ་གཅིག་པའི་སྒང་ཏོག་ས་གནས་རང་བདེན་ཚོགས་ཆུང་གིས་པར་སྐྲུན་གནང་འདུག་ཀྱང། པར་གྲངས་ཆ་ཚང་འགྲེམས་ཚོང་ཟིན་པར་བརྟེན། སློབ་གྲྭ་ཁག་ནས་དེབ་དེ་ཡང་བསྐྱར་པར་སྐྲུན་ཡོང་བའི་སྙན་ཞུ་དོ་བདག་རྩོམ་པ་པོ་དང། ཤེས་རིག་ལས་ཁུངས་གཉིས་སུ་ཕུལ་འདུག་ཅིང། ཤེས་རིག་ལས་ཁུངས་ནས་གུས་པར་དེབ་དེ་བསྐྱར་བསྐྲུན་བྱ་རྒྱུའི་འགན་ཁུར་དགོས་སྐོར་གསུངས་ཀྱང། དགོས་གལ་དུས་ཚོད་དམིགས་བསལ་མ་གནང་གཤིས། སྔ་དགོང་ལས་ཞོར་དུ་དེབ་འདིའི་པར་རྩ་འཇུག་སྒྲིག་དང། དོ་བདག་རྩོམ་པ་པོ་དང་གོ་བསྡུར་གྱིས་ཞུ་དག་བཅས་ཞིབ་ནན་ཞུས་ཁུལ་མ་ཟད། སྤྱོད་གོ་ཆེ་བའི་ཞེ་ཚིག་གང་ཙམ་ཡང་གསར་སྣོན་ཞུས་པ་དང། རྩོམ་པ་པོའི་འདོད་པར་མི་འཐད་པའི་དག་ཆ་འགའ་ཞིག་ཕྲན་གྱི་བློར་མ་སོང་ཡང། རང་སོར་བཞག་ཡོད།
ཞེ་སའི་རྣམ་འབྱེད་ཅེས་པའི་དེབ་འདི་ནི། ད་ཕན་ཞེ་སའི་ཚིག་དང་འབྲེལ་བའི་བསྟན་བཅོས་ལོགས་སུ་མེད་པའི་སྟོང་ཆ་ཁ་སྐོང་ལ་ཕན་ངེས་འདུག་པ་མ་ཟད། ཚིག་སྦྱོར་གོ་བདེ་ལ། ཀ་ཁའི་གོ་རིམ་གཙོ་བཟུང་གིས་ཚིགས་བཅད་དུ་བརྩམས་པ་ཡིན་སྟབས། རང་རེའི་སུམ་རྟགས་དང། དག་ཡིག་ཁག་གི་རྩ་བ་ལྟར། དོན་གཉེར་ཅན་ཚོས་བློར་འཛིན་བདེ་བའི་ཁྱད་ཆོས་ལྡན།
དེ་བཞིན་ཞེ་སའི་ཚིག་མཛོད་ཀྱང་བོད་དབྱིན་ཤན་སྦྱར་དུ་བཀོད་འདུག་སྟབས། བོད་ཀྱི་སྐད་དང་ཞེ་ཚིག་ལ་ཐུགས་སྣང་ཆེ་བའི་ཕྱི་རྒྱལ་གྱི་མི་རིགས་ལའང་ཕན་ཐོགས་ཡོང་ངེས་སྙམ་པ་བཅས། དེབ་འདིའི་དཔེ་སྒྲིག་འགན་ཁུར་བ་ཆུང་ཚེ་རིང་པས། ཕྱི་ལོ་༢༠༠༡ ལོའི་ཟླ་༢ ཚེས་༡༤ ལ།། །།
ལུང་འདྲེན་དཔེ་ཁུངས།
- ཞེ་ཚིག་རྣ་བའི་བཅུད་ལེན། དཔའ་རིས་སངས་རྒྱས། བོད་ལྗོངས་ཞིབ་འཇུག ༡༩༩༧ ལོའི་འདོན་ཐེངས་༡ ཤོག་གྲངས་༢༩ གསལ།
- བོད་རིགས་ཀྱི་ཞེ་ཚིག་སྐོར་ཆེ་ལོང་ཙམ་གླེང་བ། ལྡིངས་ཆེན་དངོས་གྲུབ། བོད་ལྗོངས་ཞིབ་འཇུག ༡༩༩༡ ལོའི་དེབ་༡ ཤོག་གྲངས་༩༩ གསལ།
- ཞེ་ས། རྩོམ་སྒྲིག་པའི་གླེང་སྟེགས། ནོར་ལྡེ། ལོ་དང་པོ། འདོན་ཐེངས་༨ མདུན་ཤོག་ལ་གསལ།
- དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ། །མི་རིགས་དཔེ་སྐྲུན་ཁང། ཤོག་ངོས་༢༩༧ དང། ༧༤༡ ལ་གསལ།
- ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས་༦༨ ལ་གསལ།
- གོང་གསལ་གྱི་ཤོག་གྲངས་༩༡ པར་གསལ།
- བོད་རྒྱ་ཚིག་མཛོད་ཆེ་མོ། པར་ཐེངས་གཉིས་པ། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས་༢༤༠༡ ལ་གསལ།
- བོད་རིགས་ཀྱི་ཞེ་ཚིག་སྐོར་ཆེ་ལོང་ཙམ་གླེང་བ། ལྡིངས་ཆེན་དངོས་གྲུབ། བོད་ལྗོངས་ཞིབ་འཇུག་༡༩༩༡ ལོའི་དེབ་༡ ཤོག་གྲངས་༩༩ གསལ།
- བཀའ་ཐང་སྡེ་ལྔ་བཞུགས་སོ། །ཤེས་རིག་དཔར་ཁང་གི་པར་མ། དཔེ་གཟུགས་ལ་གསལ།
- “དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། ཡུལ་མིང་བོད་ཡུལ་སྦ་ཁ་ཆེ་བརྒྱད་ཅེས། ཕྱག་དང་ཞེ་ས་བྱེད་པ་དེའི་སྐོར་བྱུང། སྔར་གྱི་སྒྲུངས་དང་ལྡེའུ་བཤད་རིག་རྩལ་འགྲན།” སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག དཔལ་འབྱོར་པར་སྐྲུན་ཁང། ཤོག་གྲངས་༡༨ པར་གསལ།
- གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་བཞུགས་སོ། །ཤེས་རིག་དཔར་ཁང་གི་པར་མ། དཔེ་གཟུགས་ཤོག་ངོས་༢༨༥ པར་གསལ།
- གཞུང་ལུགས་ལེགས་པར་བཤད་པའི་བསྟན་བཅོས། ས་པཎ་ཀུན་དགའ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་པོ། གངས་ཅན་རིག་མཛོད། ཨང་༢༣ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། ཤོག་གྲངས་༢༨༢ ལ་གསལ།
- ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་པོ། གངས་ཅན་རིག་མཛོད། ཨང་༢༣ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། ཤོག་གྲངས་༢༣༥ ལ་གསལ།
- ཤེས་རབ་བརྒྱ་པ། མགོན་པོ་ཀླུ་སྒྲུབ། ལེགས་རྩོམ་སྙིང་བསྡུས། མི་རིགས་དཔེ་སྐྲུན་ཁང། ཤོག་ངོས་༧༤ གསལ།
- བསླབ་བྱ་ནོར་བུའི་ཕྲེང་བ། གངས་ཅན་རིག་བརྒྱ་སྒོ་འབྱེད་ལྡེ་མིག དེབ་གཉིས་པ། མི་རིགས་དཔེ་སྐུན་ཁང། ཤོག་ངོས་༦༥ པར་གསལ།
- འབེལ་གཏམ། མཁས་དབང་ཚེ་ཏན་ཞབས་དྲུང་གི་དཔྱད་རྩོམ་མཁོ་བསྡུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། ཤོག་ངོས་༢༤ ལ་གསལ།
༓ གོང་གསལ་དཔེ་མཚོན་རྣམས་ཞེ་ཚིག་རྣ་བའི་བཅུད་ལེན་དུ་དྲངས་འདུག་པ་ལས་བཤུས།
དཔར་ཐེངས་དང་པོའི་གླེང་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༢)
ཞེ་སའི་ཚིག་མཛོད།(༣)