ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་བྱང་ཕྱོགས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་འདུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༦ ཚེས་ ༢༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བྱང་ཕྱོགས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་འདུ་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཁེ་ན་ཌ་རོགས་ཚོགས་ཀྱི་སྐུ་ཚབ་ཤེས་ཡོན་ཆེད་མཁས་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། དེ་བཞིན་རྒྱ་གར་བྱང་ཕྱོགས་ས་ཁུལ་མི་འདྲ་བ་ནས་ཕེབས་པའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་སྐུ་ཚབ་ ༣༨ བཅས་མཉམ་འཛོམས་ཐོག་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་སོང་། ཐོག་མར་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་དང་འབྲེལ་ནས་ཚོགས་ཆུང་གི་གལ་གནད་དང་། གྲུབ་བྱ། ལས་འགན། བརྒྱུད་རིམ་བཅས་ངོ་སྤྲོད་གནང་། ཁོང་གིས་ཚོགས་ཆུང་འདི་ནི་ཕྱི་ལོ་ ༢༠༡༥ ལོར་ཟུར་བཙུགས་གནང་ཡོད་ཅིང་། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་ ༡༡ ནས་ ༡༣ བར་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་ཡོད་སྐོར། དེ་བཞིན་ཚོགས་ཆུང་འདི་སློབ་ཕྲུག་དང་ཕ་མའི་དབར་ཟམ་པ་ལྟ་བུ་ཆགས་ཡོད་པ། ལྷག་པར་ཕྲུ་གུའི་ཤེས་ཡོན་དང་ཕ་མས་ཕྲུ་གུ་གསོ་སྐྱོང་བྱ་ཚུལ་གྱི་སློབ་སྦྱོང་ལ་དམིགས་ནས་ད་བར་ལས་རིམ་མང་དག་ཅིག་སྤེལ་ཡོད་པ་ཁག་ངོ་སྤྲོད་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། སྔར་བོད་པའི་སྤྱི་ཚོགས་ནང་དགེ་རྒན་ཕ་མའི་ཚོགས་ཆུང་ལ་ཟབ་སྦྱོང་འབུལ་རྒྱུ་དེ་ཕལ་ཆེར་དཀོན་པོ་རེད། ད་ཆ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རོགས་ཚོགས་ཁག་གི་བཀའ་དྲིན་ལ་བརྟེན་ནས་ཟབ་སྦྱོང་ཕུལ་བ་མ་ཟད། ཕྲུ་གུ་སྐྱོང་སྟངས་ལྟ་བུའི་ལམ་སྟོན་ཕུལ་བཞིན་པ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་སྔར་ལས་ལྷག་པའི་ནུས་པ་སྟོན་ཐུབ་པའི་དགོངས་པ་བཞེས་ནས་ཐབས་ཤེས་སྣ་ཚོགས་བརྒྱུད་མཐུན་འགྱུར་དེ་འདྲ་སྦྱར་ཐུབ་པ་བྱུང་ཡོད། ཅེས་དང་།

བོད་པའི་གཞིས་ཆགས་ཁག་ཏུ་ཡོད་པའི་ཉིན་སློབ་ཁག་གི་ཕ་མའི་ཚོགས་ཆུང་ལ་དམིགས་བསལ་འགན་ཆེན་པོ་ཞིག་ཡོད། སློབ་གྲྭའི་ནང་འགྱུར་བ་གང་འདྲ་ཞིག་གཏོང་དགོས་ནའང་དེར་ཕ་མའི་འཐུས་མི་ནས་མཐུན་འགྱུར་དང་རྒྱབ་སྐྱོར་ངེས་པར་དུ་དགོས་ཀྱི་ཡོད། ཅེས་གསུངས།

དེ་མཚུངས་བཀའ་བློན་མཆོག་གིས་ཕ་མའི་འཐུས་མི་རྣམས་ཀྱི་ལས་འགན་གནང་ཕྱོགས་སྐོར་གསུང་སྐབས་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་རྩ་འཛིན་ལམ་སྟོན་ལ་བརྩི་སྲུང་བྱ་རྒྱུ་དང་ལྷན་ས་གནས་དང་སློབ་གྲྭ་སོ་སོའི་དགོས་མཁོ་ལ་དཔག་པའི་འགྱུར་བཅོས་གཏོང་དགོས་གལ་ཡིན་པ་ནན་བརྗོད་གནང་བ་དང་ཆབས་ཅིག སློབ་གྲྭ་དང་སྒོས་སུ་ཕྲུ་གུའི་བདེ་དེན་སླད་སློབ་གྲྭའི་འགོ་ལས་ཀྱིས་ཕྱག་ལས་གནང་ཕྱོགས་ཐད་སྟངས་འཛིན་གནང་དགོས་པ་མ་ཟད། དེ་དག་སློབ་སྤྱི་དང་དགེ་ཆེ་རྣམ་པར་སྙན་སེང་ཞུ་དགོས་གལ་ཡིན་པ་འགྲེལ་བརྗོད་གནང་། དེ་བཞིན་དེང་སྐབས་གཞོན་སྐྱེས་རྣམས་དྲྭ་རྒྱ་དང་ལག་ཐོགས་ཁ་པར་བཅས་ལ་མགོ་འཁོར་ནས་སློབ་སྦྱོང་འཐུས་ཤོར་འགྲོ་ཚུལ་སྐོར་གསལ་སྟོན་གྱིས་དགེ་རྒན་དང་ཕ་མའི་ངོས་ནས་དེ་དག་སྟངས་འཛིན་གནང་དགོས་པ། མ་ཟད་ཕ་མ་འགས་ཕྲུ་གུར་འཕྲོད་བསྟེན་ལ་གནོད་པ་དང་། གཞན་དང་མཉམ་དུ་བཀའ་མོལ་གྱི་ནུས་པ་བཅས་ལ་འགོག་རྐྱེན་བཟོ་མཁན་ལག་ཐོགས་ཁ་པར་སོགས་སྤྲོད་ཀྱི་ཡོད་དུས་དེ་དག་ངེས་པར་དུ་སྒྲིག་འཛུགས་བཟོ་དགོས་པ་དང་། ཚོགས་ཆུང་གིས་ཕ་མ་རྣམས་ལ་ལམ་སྟོན་གནང་དགོས།

མཐར་ཁོང་མོས་ཤེས་རིག་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཕྲུ་གུའི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང་སྦྲགས་བཟང་སྤྱོད་དང་ལྡན་པ་བཟོ་རྒྱུ་དེ་གལ་གནད་ཅིག་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་བར་དགེ་རྒན་གྱི་སྤུས་ཚད་ཡག་པོ་དགོས་གལ་ཡིན་ཞེས་གསུངས། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་སྡེ་འགན་བསོད་ནམས་གངས་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད།

ཐེངས་འདིའི་བྱང་ཕྱོགས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་འདུ་འདི་བཞིན་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་རིང་དགེ་རྒན་ཕ་མའི་ཚོགས་ཆུང་གི་གལ་གནད། ལས་དོན་བྱེད་ཕྱོགས་དང་ཡར་རྒྱས་གཏོང་ཐབས་སྐོར་ཟབ་ཁྲིད་གནང་རྒྱུ། ཕྲུ་གུ་གསོ་སྐྱོང་དང་འབྲེལ་ཟབ་ཁྲིད། དགེ་རྒན་ཕ་མ་ཐུག་འཕྲད་ཚགས་ཚུད་གཏོང་ཕྱོགས། ཚོགས་མི་ནང་ཁུལ་གྲོས་བསྡུར་གྱི་ལས་རིམ་བཅས་ཡོད། ཚོགས་འདུ་འདི་ནི་ཁེ་ན་ཌ་རོགས་ཚོགས་ཀྱིས་ Alinea རོགས་ཚོགས་བརྒྱུད་མཐུན་འགྱུར་གནང་ཡོད་པ་བཅས།།


སྔོན་མ།
ཤེས་རིག་ལས་ཁུངས་ནས་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་རྒྱུ།