Post Views: 943
༄༅། །ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་༢༠༢༣ ཟླ་ ༡ ཚེས་ ༥ ནས་ ༡༨ བར་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་བཅས་ཟབ་སྦྱོང་ཁག་གསུམ་གོ་སྒྲིག་གནང་བ་ཕྱི་ཚེས་ ༡༨ ཕྱི་དྲོ་ཆུ་ཚོད ་༧ ཐོག་ལེགས་པར་མཇུག་བསྒྲིལ་ཅིང་། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་མཆོག་གིས་དབུས་པའི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས་དང་། ཟབ་སྦྱོང་སློབ་ཁྲིད་གནང་མཁན་དགེ་བཤེས་ལྷ་རམས་པ་ལུང་རྟོགས་ཤེས་རབ་ལགས། བེ་རི་དཔལ་ལྡན་རྣམ་རྒྱལ་ལགས། སློབ་གྲྭ་གསུམ་གྱི་ལྟ་གྲུབ་དགེ་རྒན་བཅས་ཚོགས་ཕེབས་གནང་ཡོད།
ཟབ་སྦྱོང་གི་ཐོག་མར་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཟབ་སྦྱོང་གི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས་དོན་དུ། སྐབས་འདིར་ཟབ་སྦྱོང་ཁག་གསུམ་ཡོད་པ་ལས་དང་པོར་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་གྱི་ཟབ་སྦྱོང་དུ་ཚོགས་བཅར་བ་གྲངས་ ༢༡ དང་། གཞི་རིམ་འོག་མའི་ཟབ་སྦྱོང་དུ་ཚོགས་བཅར་བ་གྲངས་ ༡༨། སློབ་ཕྲུག་རིགས་ལམ་ཟབ་སྦྱོང་དུ་ཚོགས་བཅར་བ་གྲངས་ ༤༢ ཡོད་པ་དང་། ཕྱི་ཚེས་ ༥ ནས་ ༡༨ བར་དངོས་སུ་འཛིན་གྲྭ་ཚུགས་ཡུན་ཉིན་གྲངས་ ༡༢ དང་། ཉིན་རེར་ཆུ་ཚོད་ ༧ ནས་ ༨ བར་ལས་རིམ་བཀོད་སྒྲིག་ཞུས་ཤིང་། རེས་གཟའ་ཟླ་བ་གཉིས་སུ་ཉེ་འཁོར་དགོན་སྡེ་ཁག་ལ་མཆོད་མཇལ་དང་གོ་བཱ་རུ་ཤེས་ཡོན་ལྟ་སྐོར་གོ་སྒྲིག་ཞུས། དགེ་རྒན་ཟབ་སྦྱོང་ཁག་གཉིས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དང་། སློབ་ཕྲུག་གི་ཟབ་སྦྱོང་ནི་རིགས་ལམ་ཐོག་ཆེད་སྦྱོང་གནང་རྒྱུ་ཡིན་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་ནས་ཟབ་སྦྱོང་ཁག་གསུམ་གྱི་ཚོགས་བཅར་བ་སྐུ་ཚབ་རེ་ནས་མྱོང་ཚོར་གསུང་དོན་དུ་ད་བར་ཟབ་སྦྱོང་འདི་ལྟ་བུར་བཅར་མྱོང་མེད་པས་ཕན་ཐོགས་ཆེན་པོ་བྱུང་བ་དང་། འདི་ནས་ཚོགས་བཅར་བ་སོ་སོར་བློ་བསྐྱེད་གང་བྱུང་བ་རྣམས་དངོས་སུ་སློབ་གྲྭར་ལག་ལེན་འཁེལ་ཐབས་སུ་ནུས་པ་འདོན་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པས། མ་འོངས་པར་ཡང་ཟབ་སྦྱོང་འདི་ལྟ་བུ་གོ་སྒྲིག་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས་དང་། ཟབ་སྦྱོང་ཚོགས་ཡུལ་དུ་མཐུན་རྐྱེན་དང་ཁོར་ཡུག་བཅས་ནི་ཡིད་དབང་འཕྲོག་པ་ཡོད་ལུགས་བཅས་ཀྱི་མྱོང་ཚོར་གསུངས།
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན་དུ། ད་ལྟ་ཟབ་སྦྱོང་ཚོགས་བཅར་བ་གསུམ་ནས་ཟབ་སྦྱོང་འདིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། དེ་ཡང་སོ་སོ་རང་ཉིད་ལ་ཕན་ཐོགས་བྱུང་བ་ཙམ་མ་ཟད། སོ་སོར་ཕན་ཐོགས་བྱུང་བ་དེ་གཞན་ལ་བརྒྱུད་སྤེལ་བྱ་རྒྱུའི་དམ་བཅའ་བཞག་པ་དེས་ང་ཚོ་གོ་སྒྲིག་པ་དང་མཐུན་སྦྱོར་བ་ཚང་མར་དགའ་པོ་བྱུང་། ལྷག་པར་དུ་རིགས་ལམ་སྦྱོང་མཁན་གྱི་སློབ་ཕྲུག་ཅིག་གིས་ཟབ་སྦྱོང་འདི་ནས་ཕན་ཐོགས་ཆེན་པོ་བྱུང་ཚུལ་གསུངས་པ་བཞིན། ང་ཚོས་ཀྱང་སློབ་ཕྲུག་ཚོའི་རིགས་པ་འཕེལ་རྒྱས་ཡོང་ཐབས་སུ་བཙུན་མགོན་བྱང་ཆུབ་ཆོས་གླིང་དང་། འབྲས་སྤུངས་སྒོ་མང་། དེ་བཞིན་དུ་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭ་བ་མང་པོ་རྩོད་ཟླར་གདན་ཞུ་ཐུབ་པ་བྱུང་ཡོད། ལས་གཞི་འདི་ལྟ་བུ་ནི་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་བསྐྱེད་ཀྱི་དགོངས་གཞི་ལྟ་བུ་ཆགས་ཡོད།
དེ་སྔ་འཛིན་གྲྭ་ལྔ་པ་བར་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཐོག་ནས་གནང་བ་མ་ཟད། རིམ་བཞིན་འཛིན་རིམ་དྲུག་པ་ཡན་ལའང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་དགོངས་གཞིར་བཞག་སྟེ་བོད་ཡིག་ཟབ་སྦྱོང་འབུལ་གྱི་ཡོད་པ་ལྟར། དགེ་རྒན་རྣམ་པ་ཚོས་ཀྱང་བདུན་གཉིས་རིང་སྤྲོ་སྣང་ལྡན་པའི་ཐོག་ནས་མཉམ་ཞུགས་གནང་སྟེ་སྦྱང་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིགས་ལམ་སྦྱོང་མཁན་གྱི་སློབ་ཕྲུག་ཚོ་ཡིན་ནའང་ལྟ་གྲུབ་དགེ་རྒན་རྣམ་པས་སྐུ་ལས་བསྐྱོན་པར་བརྟེན། གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཞིག་འདུག་སྙམ་པ་དྲན་སོང་། འདི་གར་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ཉིན་གྲངས་བརྒྱད་ལྷག་གྲྭ་ཚང་གི་དགེ་འདུན་པ་རྣམས་དང་སློབ་ཕྲུག་དབར་རྟགས་གསལ་གཏོང་བའི་སྐབས་ཉམས་ཞིབ་བྱས་པར། སློབ་ཕྲུག་ཁག་ཅིག་རིགས་ལམ་ཡག་པོ་ཆགས་འདུག་བསམ་པ་བྱུང་། དེ་ལྟར་མུ་མཐུད་སྦྱང་བརྩོན་གནང་ན་ཤེས་རིག་ལས་ཁུངས་ཀྱི་དམིགས་ཡུལ་བཞིན་མ་འོངས་པར་ལྟ་གྲུབ་དགེ་རྒན་ལ་གཞོགས་འདེགས་ཀྱིས་སློབ་ཕྲུག་གཞན་ལ་སློབ་ཁྲིད་ཐུབ་པའི་རེ་བ་ཞུ་འོས་པ་ཞིག་འདུག དེས་ན་ང་རང་སྒེར་གྱི་བསམ་ཚུལ་ལྟར་ན་བོད་ཡིག་གི་ཟབ་སྦྱོང་དང་རིགས་ལམ་གྱི་ཟབ་སྦྱོང་འདི་དག་ཐོག་མའི་དམིགས་ཡུལ་ལྟར་བྱུང་སོང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་ནས་དགེ་རྒན་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་དོན། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་༡༨ དང་། གཞི་རིམ་བར་མའི་དགེ་རྒན་༢༡། སློབ་གྲྭ་ཁག་གསུམ་གྱི་སློབ་ཕྲུག་ ༤༢། དེ་བཞིན་མཇུག་བསྡོམས་ཀྱི་མཛད་སྒོ་འདིར་ཕེབས་པའི་གྲྭ་ཚང་གི་ཕྱག་མཛོད་ལགས་དང་། སློབ་ཁྲིད་གནང་མཁན་དགེ་རྒན་གཉིས། ལྟ་གྲུབ་དགེ་རྒན། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་དབུས་པའི་དགེ་སློབ་ཚང་མར་ཕྱི་ལོ་གསར་ཚེས་དང་འབྲེལ་ནས་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་དུ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་ནས་འབྲས་སྤུངས་བློ་གསལ་གླིང་ལ་འབྲེལ་བ་གནང་ནས་ལོ་ཤས་ཕྱིན་ཡོད། དེ་སྔ་ནས་ཟབ་སྦྱོང་སྣ་མང་ཐོག་མཐུན་འགྱུར་ཞུ་བཞིན་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་ཡང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་རྣམས་ལ་དྲ་རྒྱའི་ཐོག་ནས་སྒོམ་གྱི་སྐོར་སློབ་ཁྲིད་ཞུས་ཤིང་། འདས་པའི་ལོ་གཅིག་ནང་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ལྔ་དྲུག་ཙམ་ཞིག་ཚན་རིག་ཁང་དུ་གོ་སྒྲིག་ཞུས། ཤེས་རིག་ལས་ཁུངས་ནས་འབྲས་སྤུངས་བློ་གསལ་གླིང་ལ་ཟབ་སྦྱོང་སོགས་ལ་རོགས་པ་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་དུས་གྲྭ་ཚང་གི་ངོས་ནས་ཀྱང་ཡིན་ཤག་ཤག་གི་མཐུན་འགྱུར་ཞུ་བཞིན་ཡོད། ལྷག་པར་དུ་ཚན་རིག་བསྟི་གནས་ཁང་འདི་ནང་ཡོད་པའི་མཐུན་རྐྱེན་རྣམས་མགྲོན་ཁང་ལྟ་བུར་མ་ཡིན་པར་ཤེས་ཡོན་དང་འབྲེལ་བའི་བསྟི་གནས་ཤིག་ཏུ་གྱུར་ན་ཡག་པོ་འདུག་སྙམ་སྟེ། ནང་སྲིད་ཁྱབ་ཁོངས་དང་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་གང་འདྲ་ཞིག་གནང་རུང་གྲྭ་ཚང་གི་ངོས་ནས་ཀྱང་གྲ་སྒྲིག་གང་ཡོང་ཞུ་བཞིན་ཡོད།
ཐེངས་འདིའི་ཟབ་སྦྱོང་ཁག་གསུམ་གྱི་མྱོང་ཚོར་གསུང་མཁན་རྣམས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་ཚུལ་གསུང་ཡོང་དུས། ང་རང་གི་བསམ་བློའི་ནང་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་རྒྱུར་ཞབས་ཞུ་ཐུབ་པ་བྱུང་སོང་བསམ་པ་ཡོང་གི་འདུག དགེ་བཤེས་ལུང་རྟོགས་ལགས་ལྟ་བུར་མཚོན་ན་གྲྭ་ཚང་གི་ནང་བོད་ཀྱི་ཡིག་གཟུགས་ཡག་པོ་ཡོད་མཁན་ཞིག་ཡིན་སྟབས་བདུན་གཉིས་རིང་ཡིག་གཟུགས་ཐོག་ཕན་ཐོགས་བྱུང་ཡོད་ཤག་དང་། གཞན་ཡང་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱང་དེ་སྔ་ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་གང་འདྲ་ཞིག་ལ་འགྲོ་དགོས་ཀྱི་ཡོད་ཀྱང་། དགོངས་པ་སྤྲོད་རྐྱང་བྱེད་པ་ལས་ཉིན་གཅིག་ཀྱང་བཀག་སྡོམ་ཞུས་མེད། སྤྱིར་དགེ་བཤེས་མ་ཐོན་བར་གྲྭ་སའི་ནང་བཞུགས་ནས་དཔེ་ཆ་ལྟ་བའམ་གྲྭ་ཚང་གི་ཕྱག་ལས་མ་གནང་བར་སུ་ཞིག་ཀྱང་བཞུགས་ཆོག་གི་མེད་པ་རེད། གྲྭ་ཚང་བློ་གསལ་གླིང་དུ་དགེ་འདུན་པ་སུམ་སྟོང་ལྷག་ཙམ་ཡོད་པ་ལས་དགེ་བཤེས་བཏང་ཚར་མཁན་ཞིག་ཡིན་ནའང་སྔགས་ཀྱི་རྒྱུགས་སྤྲོད་ལོ་གསུམ་ཡོད། བློ་གསལ་གླིང་དུ་ལོ་བཅུ་བདུན་རིང་འཛིན་གྲྭ་ཐོན་རྗེས་དགེ་བཤེས་གཏོང་ཆོག་ཅིང་། དེ་རྗེས་དགེ་བཤེས་ལྷ་རམས་པ་ཐོན་པར་ལོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་འགྲིམ་དགོས་ཀྱི་ཡོད།
མདོར་ན་ལོ་ཉི་ཤུ་རྩ་གསུམ་མ་ཐོར་པར་དགེ་བཤེས་ལྷ་རམས་པ་གཏོང་ཆོག་གི་མེད་པ་དང་། ལོ་བཅུ་བདུན་མ་ཐོན་པར་དགེ་བཤེས་ཚོགས་རམས་པ་གཏོང་ཆོག་གི་མེད། དེས་ན་སློབ་སྦྱོང་དེ་མ་ཐོན་བར་གྲྭ་སར་བཞུགས་དགོས་ཀྱི་ཡོད། ལོ་གཅིག་ལ་འཛིན་གྲྭ་འཚོགས་རྒྱུའི་བརྒྱ་ཆ་ ༧༥ མ་ལོན་པ་ཡིན་ན། སོ་སོར་རྒྱུགས་སྤྲོད་གཏོང་རྒྱུའི་སློབ་སྦྱོང་ཇི་ཙམ་ཡོད་ཀྱང་བརྒྱ་ཆ་དེ་མ་ལོན་ན་རྒྱུགས་སྤྲོད་གཏོང་མི་ཆོག་པའི་སྒྲིག་ལམ་ཡོད། ཡིན་ནའང་དེ་འདྲའི་སློབ་སྦྱོང་མ་ཐོན་ནའང་ཤེས་རིག་ལས་ཁུངས་ཀྱིས་བཀའ་ཕེབས་ཚེ་སློབ་གྲྭ་ཁག་ལ་གཏོང་རྐྱང་བྱེད་ཀྱི་ཡོད། དེ་རིང་ཡང་འདིར་བདུན་གཉིས་རིང་ཟབ་སྦྱོང་གནང་ཐུབ་པ་ཡག་པོ་ཞེ་དྲགས་བྱུང་སོང་།
ང་སློབ་གྲྭ་ཁ་ཤས་ནང་སླེབས་མྱོང་ཡོད། དེ་དག་ནང་སློབ་ཕྲུག་མང་པོ་མེད་ཀྱང་དགེ་རྒན་རྣམ་པས་ཕ་མ་ནང་བཞིན་ལྟ་སྐྱོང་གནང་ནས་ཚགས་ཚུད་པོར་འགྲོ་བཞིན་པ་དེ་ཧ་ཅང་ཡག་པོ་རེད། དགེ་རྒན་རྣམ་པས་སློབ་ཕྲུག་ཚོར་ཤེས་ཡོན་སྤྲད་ཐུབ་པ་ཡིན་ན་སློབ་ཕྲུག་ཚོར་མིག་སྤྲད་པ་དང་གཅིག་མཚུངས་ཡིན་པས་དགེ་བ་སྟོབས་ཆེན་ཡོད་པ་རེད། སློབ་ཕྲུག་ཚོའི་ངོས་ནས་དགེ་རྒན་དང་ཕ་མ་གཉིས་ལ་ཞབས་ཕྱི་དང་བརྩི་བཀུར། བསྙེན་བཀུར་ཞུ་ཐུབ་ན་དགེ་བ་སྟོབས་ཆེན་གསོག་གི་རེད། དགེ་རྒན་དང་ཕ་མ་གཉིས་ལ་རླུང་བསྟན་ནའང་ཉེས་པ་ཆེ་ཤོས་འབྱུང་གི་རེད། ད་རེས་རྣམ་པ་ཚོར་རིགས་ལམ་སྦྱོང་རྒྱུ་བྱུང་བ་དེ་ཕན་ཐོགས་ཆེན་པོ་རེད།
གང་ཡིན་ཞེ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞེས་པའི་དཀོན་མཆོག་གསུམ་དེ་གང་འདྲ་རེད། དཀོན་མཆོག་གསུམ་ག་རེ་རེད། ཅེས་པའི་སློབ་སྦྱོང་བྱེད་པའི་ཐབས་སུ་རིགས་ལམ་དེ་གལ་ཆེ་ཤོས་ཡིན། རིགས་ལམ་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེ་མིག་དང་པོ་དང་ལྡེ་མིག་གཉིས་པ་ཞེས་ཟེར་གྱི་ཡོད། ཁང་པ་ཞིག་གི་ནང་དུ་འཛུལ་བར་ལྡེ་མིག་མེད་ན་འཛུལ་མི་ཐུབ་པ་ལྟར། རིགས་ལམ་ཡག་པོ་ཤེས་མཁན་ཞིག་ཡིན་ན་སློབ་སྦྱོང་གང་བྱེད་ཀྱང་ཡག་པོ་ཤེས་ཐུབ་ཀྱི་རེད། གང་ཡིན་ཞེ་ན་རྒྱུ་མཚན་སོགས་ལ་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་རྣམ་པ་ཚོས་ད་རེས་རིགས་ལམ་སྦྱངས་ཐུབ་པ་དེ་ཡག་པོ་བྱུང་བ་རེད། རྒན་ལགས་རྣམ་པ་ཚོ་ཡང་བོད་ཡིག་དང་བོད་ཀྱི་ཡིག་གཟུགས་ཀྱི་ཟབ་སྦྱོང་ཡིན་སྟབས་ཡག་པོ་འདུག
དེ་རིང་སང་ཀམ་པུ་ཊར་གྱི་དུས་ཚོད་སྐབས་གཞོན་སྐྱེས་མང་པོའི་ནང་ཡིག་གཟུགས་ཇེ་ཞན་དུ་འགྲོ་བཞིན་ཡོད། བོད་ཡིག་ཡིག་གཟུགས་ལ་ལོ་གཅིག་ཙམ་སྦྱང་བརྩོན་གནང་ན་ཡར་རྒྱས་ཆེན་པོ་འགྲོ་ཡི་རེད། ཡིག་གཟུགས་ཡག་པོ་ཆགས་ཚར་ན་དེ་སུ་ཞིག་གིས་ཀྱང་རྐུ་ཐུབ་རྒྱུ་མེད་པ་རེད། ང་ཚོ་བོད་པས་བོད་ཡིག་མ་ཤེས་ན་ཧ་ཅང་རྗེས་ལུས་རེད། བོད་པར་བོད་ཡིག་ནི་རྩ་བ་ལྟ་བུ་ཡིན་པས། རྩ་བ་དེ་ཕར་གཡུགས་ནས་སྐད་ཡིག་གཞན་ཞིག་སྦྱོང་བསྡད་ན། ཡལ་ག་འཛིན་པ་ལྟ་བུ་ཆགས་ཀྱི་ཡོད། རྩ་བ་ཡག་པོ་ཡོད་པའི་ཐོག་སྐད་ཡིག་གཞན་རྣམས་སྦྱངས་ན་ཡོན་ཏན་གྱི་རྒྱན་རེད། རྒན་ལགས་རྣམ་པ་དུས་རྒྱུན་དུ་སློབ་ཁྲིད་གནང་མཁན་ཞིག་ཡིན་སྟབས་མཁྱེན་གྱི་ཡོད་པ་རེད།
ད་རེས་སློབ་ཁྲིད་གནང་མཁན་དགེ་རྒན་གཉིས་ཀྱིས་སློབ་ཁྲིད་དང་། ལྟ་གྲུབ་དགེ་རྒན་རྣམ་པས་སློབ་ཁྲིད་ཐུབ་པ་དེ་ཡང་ཤེས་རིག་ལས་ཁུངས་ནས་འབྲས་སྤུངས་བློ་གསལ་གླིང་ལ་འབྲེལ་བ་གནང་བ་ལས་བྱུང་བ་རེད། སྤྱིར་བདུན་གཉིས་ཟེར་དུས་རིང་པོ་ཞིག་མ་ཡིན་ཡང་། ཞོགས་པ་ནས་དགོང་མོ་བར་དམིགས་ཡུལ་གཅིག་གི་ཐོག་ལ་དུས་ཚོད་བཏང་བ་ཡིན་སྟབས། དེ་ཐོག་ཤུགས་ཐེབས་རྒྱུ་དང་ཡག་པོ་བྱུང་བར་ཡིད་ཆེས་ཡོད། ད་ལྟ་འདིར་གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་། དེ་མིན་རྣམ་རྒྱལ་གྲྭ་ཚང་དང་། རྒྱུད་གྲྭ་སྟོད་སྨད་ཀྱི་གྲྭ་ཚང་སོགས་མང་པོ་ནས་འཇང་དགུན་ཆོས་སུ་མཉམ་ཞུགས་གནང་ཡོད་པ་ཁྱེད་རང་ཚོས་མཇལ་ཡོད་ཤག་རེད།
ཁོང་ཚོས་ཀྱང་ཞོགས་པ་ཆུ་ཚོད་ ༦ ནས་མཚན་མོ་ཆུ་ཚོད་ ༡༡ བར་སློབ་སྦྱོང་གནང་གི་ཡོད། དེས་ན་རྒན་དངོས་གྲུབ་བསྟན་པ་ལགས་ཀྱིས་དབུས་པའི་ཤེས་རིག་ལས་ཁུངས་ཀྱི་ཕྱག་ལས་གནང་མཁན་ཚང་མ་ལ་༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་ཞུས་པ་དང་། རྒན་ལགས་དང་སློབ་ཕྲུག་རྣམ་པ་ཚང་མ་ལ་མིག་སྤྲད་པ་ལྟ་བུ་ཕན་ཐོགས་བྱུང་ཡོད་པས་རྣམ་པ་ཚོ་ཚང་མ་ལ་འབྲས་སྤུངས་བློ་གསལ་གླིང་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་བཅས་གསུངས།
མཐར་ཤེས་རིག་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་པ་སངས་ཚེ་རིང་ལགས་ནས་འབྲས་སྤུངས་བློ་གསལ་གླིང་དབུ་ལས་རྣམ་པ་དང་། སློབ་ཁྲིད་གནང་མཁན། གཞན་ཡང་མཉམ་ཞུགས་པ་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་མཇུག་བསྡོམས་ལས་རིམ་གྲོལ།
ཕྱི་ཚེས་ ༡༩ ཞོགས་པ་ཆུ་ཚོད་ ༩ པར་ཟབ་སྦྱོང་ཚོགས་བཅར་བ་རྣམས་ལ་འབྲས་སྤུངས་ཚོགས་ཆེན་མཁན་པོ་ཁྲི་པ་དཀོན་མཆོག་པ་སངས་མཆོག་གིས་དགེ་སློབ་ཡོངས་ལ་བླང་དོར་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སྟེ་དགེ་སློབ་རྣམས་ལ་བསོད་ནམས་འཕེལ་བའི་བསྐལ་པ་བཟང་པོ་བྱུང་བའི་གནས་ཚུལ་མདོར་བསྡུས་སུ། །