༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་ཁག་ ༣༡ གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཉིན་གསུམ་པའི་ཚོགས་ཐུན་དང་པོའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མང་གཙོའི་འཕེལ་རིམ་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིད་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཐེངས་འདིའི་ཟབ་སྦྱོང་ཐོག་བཅར་བའི་དགེ་སློབ་རྣམས་མཉམ་འཛོམས་ཀྱིས་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཚོགས་གཙོ་མཆོག་གི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་དོན།
དེ་རིང་འདིར་ཤེས་རིག་ལས་ཁུངས་ཀྱིས་ཆེད་མངགས་འཛིན་རིམ་བཅུ་པའི་སློབ་ཕྲུག་གང་མང་མང་ཞིག་དྷ་རམ་ས་ལར་ཆེད་མངགས་གདན་འདྲེན་ཞུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་ཁྱེད་རང་ཚོའི་མ་འོངས་མདུན་ལམ་སོགས་ཀྱི་སྐོར་ལ་གནད་ཡོད་མི་སྣ་ཁག་མང་པོ་ཞིག་ཕེབས་ནས་ཁྱེད་རང་ཚོར་བརྗོད་གཞི་དེ་དག་གི་སྐོར་ངོ་སྤྲོད་ཞུ་རྒྱུ་དང་། ངོ་སྤྲོད་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ད་ལྟའི་སྐབས་ང་རང་ཚོ་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཡོད། བོད་ནང་བཞུགས་པའི་བོད་མི་ཚོ་རྒྱ་ནག་གི་བཙན་དབང་འོག་འདོད་པ་མེད་བཞིན་དུ་སྤྱི་ཚོགས་ཀྱི་འགྱུར་བ་ཞིག་འགྲོ་མུས་ཡིན་པ་དང་། འདིར་བྱེས་སུ་རང་དབང་ཡོད་བཞིན་པའི་སྒང་ནས་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་གི་ཡོད། ལྷག་པར་འདས་པའི་ལོ་ཉི་ཤུའི་ནང་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུར་ཕྱིན་པ་ལ་སོགས་པ་དང་། ཐོག་མར་ང་ཚོ་བཙན་བྱོལ་དུ་སླེབ་སྐབས་དམིགས་སུ་བཀར་ནས་གཞིས་ཆགས་ཁག་བཙུགས་པའི་དགོས་པ་རྒྱུ་མཚན་དེ་དེང་སྐབས་སྤྱི་ཚོགས་ཀྱི་འགྱུར་འགྲོས་རྐྱེན་པས་ང་ཚོས་གདོང་ལེན་བྱེད་དགོས་པ་ཡང་མང་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་པ་མང་པོ་ཁ་འཐོར་ནས་གནས་ཡོད་སྟབས་ལུས་པོ་ཐག་རིང་དུ་ཡོད་ཀྱང་སེམས་ཐག་ཉེ་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་སློབ་ཕྲུག་ཁྱེད་རང་ཚོ་ལྟ་བུར་ཆ་མཚོན་ན་ད་ལྟ་འཛིན་རིམ་བཅུ་པ་ཡིན་པ་དང་།
དེ་རྗེས་ཕྱིའི་སྤྱི་ཚོགས་གཞན་ཞིག་གི་ནང་འགྲིམས་ནས་སློབ་སྦྱོང་བྱེད་དགོས་པ་དང་། དེ་བཞིན་མ་འོངས་པར་སོ་སོའི་མི་ཚེའི་འདུན་ལམ་འཚོལ་དགོས་པ་དང་། ཁྱེད་རང་ཚོ་ཁག་གཅིག་འདིར་རྡ་རམ་ས་ལར་ཡོང་ནས་ཕྱག་ལས་གནང་མཁན་ཡོང་སྲིད་པ་རེད། འབྱུང་འགྱུར་ཁྱེད་རང་ཚོའི་ནང་ལ་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་གནང་མཁན་ཡོང་མདོག་ཁ་པོ་རེད། དེར་བརྟེན་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་ཡང་ཁྱེད་རང་ཚོ་མ་འོངས་པར་ལུས་སེམས་ཀྱི་འཚར་ལོངས་ཆེར་ལོན་ནས་བོད་པའི་སྤྱི་ཚོགས་གི་གནས་སྟངས་ཆ་ཚང་བ་གོ་རྟོགས་ཐུབ་པའི་ཐོག་ནས་ཕྱག་ལས་གནང་རྒྱུའི་འགན་འཁུར་འཁྱེར་ཐུབ་མཁན་ཞིག་ཡོང་བར་ཟབ་སྦྱོང་འདི་གོ་སྒྲིག་གནང་བ་ཞིག་རེད། དེར་བརྟེན་དེ་རིང་ཟབ་སྦྱོང་གོ་སྒྲིག་གནང་མཁན་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་ལས་བྱེད། དེ་བཞིན་ཟབ་སྦྱོང་ཚུགས་སའི་མཐུན་འགྱུར་གནང་མཁན་རྡ་ཤོད་བོད་ཁྱིམ་གྱི་འབྲེལ་ཡོད་ལས་བྱེད་རྣམ་པ། ཟབ་སྦྱོང་ནང་བཅར་བའི་དགེ་རྒན་རྣམ་པ་དང་། སློབ་ཕྲུག་བཅས་ལ་ངོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ནས་ངོས་ཀྱིས་བཤད་ཀྱི་ཡོད། ཁྱེད་རང་ཚོ་མི་སྒེར་སོ་སོ་ཡིན་ནའང་སོ་སོའི་གནས་སྟངས་དེ་གང་འདྲ་ཡིན་པ་ངོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། སོ་སོའི་གནས་སྟངས་དེ་མ་ཤེས་པ་བྱས་ནས་དངོས་ཡོད་གནས་སྟངས་དང་མི་འཚམས་པའི་རེ་བ་མང་པོ་ཞིག་བརྒྱབ། དེས་འདོད་པ་མ་ཁེངས་ནས་མི་ཚོས་ཞེན་པ་ལོག་རྒྱུའི་གནས་སྟངས་དེ་འདྲ་ཡོང་གི་ཡོད། དེར་བརྟེན་སྤྱི་ཡོངས་ཀྱི་གནས་སྟངས་དེ་དག་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་སློབ་ཕྲུག་ཁྱེད་རང་ཚོ་སློབ་སྦྱོང་བྱེད་བཞིན་པའི་སྐབས་དེབ་མང་པོ་ཀློག་གི་ཡོད་རུང་། དེབ་ཀློག་པའི་ཞོར་ལ་བོད་པའི་རྒྱལ་རབས་ལོ་རྒྱུས་རྒྱས་ཙམ་བཀླག་ཐུབ་པ་ཡིན་ན། ང་རང་ཚོའི་བྱུང་བ་རིག་པ་དེ་ང་རང་ཚོའི་ཧ་གོ་ཐུབ་པ་ཞིག་བཟོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་ག་རེ་བྱས་ནས་འཕྲད་བཞིན་ཡོད་པ་བརྗོད་ན། གཞོན་སྐྱེས་མང་པོ་ཞིག་སོ་སོ་བསམ་བློ་གཏོང་སྟངས་དེ་བརྟན་པོ་མེད་པ་ཞིག་དང་། གནས་ཚུལ་མང་པོ་ཞིག་ལ་གོ་རྟོགས་མེད་པར་བརྟེན་ཡོང་བཞིན་ཡོད། དེར་བརྟེན་ང་རང་ཚོའི་བྱུང་རབས་ལོ་རྒྱུས་དེ་དག་ང་རང་ཚོས་ཤེས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གིས་བོད་པའི་ལོ་རྒྱུས་ཐོག་འགྲེལ་བཤད་བརྒྱབ་པ་དང་། དེ་བཞིན་ང་རང་ཚོ་བོད་པ་དང་ནུབ་ཕྱོགས་པ་ཁག་སོ་སོས་འགྲེལ་བཤད་རེ་རྒྱག་བཞིན་ཡོད་སྟབས། བོད་པའི་བྱུང་རབས་ཐོག་འགྲེལ་བཤད་རྒྱག་སྟངས་དེ་དག་ཆ་ཚང་མཁྱེན་པ་ཡིན་ན་མ་འོངས་པར་རང་ཉིད་འགན་འཁྱེར་སྐབས་མི་གཞན་གྱིས་ཅི་ཟེར་གྱི་རྗེས་སུ་འབྲང་བ་ཙམ་མིན་པར་རང་ཉིད་ཀྱིས་དཔྱད་པ་བྱས་པའི་ཐོག་ནས་ཐག་གཅོད་ཐུབ་པ་ཞིག་ཡོང་ཐུབ་ངེས་རེད། དེ་མིན་ཕྱོགས་ཡོངས་ཀྱི་གནས་ཚུལ་མ་ཤེས་པ་ཡིན་ན་མི་གཞན་པ་ཁག་གཅིག་གིས་ཤེས་ཀྱི་མེད་རུང་ཤེས་མདོག་གིས་གང་བྱུང་མང་བྱུང་ལབ་པར་བརྟེན་ནས་རང་ཉིད་ཀྱང་བློ་དོགས་ངང་གནས། སོ་སོས་ཕྱོགས་ཡོངས་ཀྱི་གནས་ཚུལ་མ་ཤེས་པར་བརྟེན་ནས་འདི་མིན་ནམ་བསམས་པ་དེ་འདྲ་དྲན་ནས་མགོ་སྐོར་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། མགོ་སྐོར་མ་ཐེབས་པར་སོ་སོའི་གནས་ཚུལ་ཤེས་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་རིང་སྐབས་སུ་འབབ་པའི་ངའི་སྐད་ཆ་བཤད་རྒྱུ་དེ་ནི་མང་གཙོའི་འཕེལ་རིམ་སྐོར་ཆགས་ཡོད། སློབ་ཕྲུག་ཁྱེད་རང་ཚོར་ངོས་ཀྱིས་སྒྲུང་གི་རྣམ་པའི་ཐོག་ནས་མང་གཙོའི་འཕེལ་རིམ་ཇི་ལྟར་བྱུང་བ་སོགས་ཞུས་པ་ཡིན་ན་ཐུགས་ལ་ངེས་པ་ཡོང་གི་རེད་བསམ་བཞིན་འདུག རྒྱས་པ་སང་ཉིན་དང་གནངས་ཉིན་ཁྱེད་རང་ཚོ་ལྷན་ཁང་ཁག་ལ་གཟིགས་སྐོར་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། སྤྱི་འཐུས་ལྷན་ཁང་། དེ་བཞིན་ཁྲིམས་ཞིབ་ཁང་བཅས་ཀྱི་ནང་ཕྱིན་པ་ཙམ་མིན་པར་ག་ཚོད་ཐུབ་ཐུབ་ཀྱིས་རྒྱུས་ལོན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྤྱིར་བསྐྱར་ལྡབ་ལྟ་བུ་ཆགས་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་གི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་དགོས་པ་བྱུང་ཡོད། ང་ཚོས་རང་ཉིད་ལོ་བཅུ་དྲུག་སླེབ་སྐབས་གང་བྱེད་ཐུབ་ཀྱི་འདུག ༸གོང་ས་མཆོག་དགུང་ན་ཧ་ཅང་ཕྲ་བའི་སྐབས་དེར་མཛད་འགན་དེ་འདྲ་བཞེས་དགོས་བྱུང་བར་སྐུ་ངལ་ག་ཚོད་བྱུང་ཡོད་པ་དེའི་ཐོག་ང་ཚོས་བསམ་བློ་གཏོང་དགོས་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཆུང་ངུའི་སྐབས་ནས་བོད་ནང་ས་ཆའི་བདག་དབང་དང་ཁྲལ་གྱི་སྐོར་དྲང་བདེན་མེད་པ་ཞིག་གཟིགས་མུར་ཕྱི་ལོ་ ༡༩༥༢ དང་ ༡༩༥༣ སྐབས་ས་ཆའི་བདག་དབང་དང་ཁྲལ་གྱི་སྐོར་སྤྱི་སྙོམ་ཡོང་བར་ལེགས་བཅོས་ཚོགས་ཆུང་ཟེར་བ་ཞིག་བཙུགས་གནང་མཛད་པ་རེད། འོན་ཀྱང་༸གོང་ས་མཆོག་གི་དགོངས་བཞེས་མཛད་པ་གཞིར་བཟུང་ལག་ལེན་དངོས་ཐོག་བསྒྲུབ་ཐུབ་མེད། གང་ཡིན་བརྗོད་ན་སྐབས་དེར་རྒྱ་ནག་དམར་པོའི་དཔུང་ཤུགས་བོད་ནང་འཛུལ་ཟིན་པ་མ་ཟད་བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ལའང་རྒྱ་གཞུང་གིས་ཐེ་བྱུས་བྱས་ཟིན་པར་བརྟེན་ལག་ལེན་བསྟར་ཐུབ་པ་བྱུང་མེད། ཅེས་དང་། དེ་ནས་བཙན་བྱོལ་དུ་གྱར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་ཕྱི་ལོ་ ༡༩༦༠ ནས་བཟུང་གང་ཉིད་མཆོག་གིས་ལམ་སྟོན་མཛད་པའི་ཐོག་ནས་ཕྱི་ཡུལ་དུ་བཅའ་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་བའི་ཐོག་ནས་མང་གཙོའི་ཀ་བ་གསུམ་གྱི་ལམ་སྲོལ་གསོལ་སྩལ་མཛད་པ་དང་། སྤྱི་འཐུས་ལྷན་ཚོགས་སྐབས་སོ་སོར་འགྱུར་བཅོས་ཇི་བྱུང་དང་། སྤྱི་འཐུས་ཀྱི་གྲངས་ཚད་ཐད་འཕེལ་རིམ་འགྲོ་སྟངས། འབྱུང་འགྱུར་བོད་མི་རིགས་ཀྱི་བདེ་ཐབས་ལ་གཟིགས་ནས་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་མཛད་པ། དེ་བཞིན་སྤྱི་འཐུས་ལྷན་ཁང་ནས་ཡིག་ཆ་རང་ལ་གཞིར་བཞག་ནས་བྲིས་པའི་མང་གཙོའི་འཕེལ་རིམ་སྐོར་ཞིབ་རྒྱས་འཁོད་པའི་མང་གཙོའི་འབྱུང་བ་བརྗོད་པ། ཞེས་པའི་དཔེ་དེབ་གཉིས་པོ་དེ་བལྟ་ཀློག་བྱེད་ཚེ་མང་གཙོའི་འཕེལ་རིམ་ཐད་གོ་རྟོགས་ཡག་པོ་ལོན་རྒྱུ་ཡིན་པ་སོགས་ཀྱི་གཞེན་སྐུལ་གནང་བ་སོགས་མང་གཙོའི་བྱུང་རིམ་སྐོར་རྒྱས་པར་གསུང་བཤད་གནང་བ་དང་།
ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོར་གོ་བདེའི་ལམ་ནས་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་དེ་འཛམ་གླིང་ཡུལ་གྲུ་གཞན་གྱི་མང་གཙོའི་ལམ་ལུགས་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་སྐོར་གསུང་བཤད་གནང་དོན། ང་ཚོའི་ཆབ་སྲིད་དེ་བཞིན་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་གཉིས་འདྲེས་མ་ལྟ་བུ་ཞིག་ཆགས་ཡོད། གཉིས་པ། ང་ཚོར་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཤིག་ཆགས་ཡོད། ང་ཚོ་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པ་ཞིག་བཙུགས་པར་ཆ་རྐྱེན་འདི་དགོས་པ་རེད་ཅེས་འཁོད་མེད། རྒྱ་གར་ལྟ་བུར་མཚོན་ན་ཆབ་སྲིད་ཚོགས་པ་ཞིག་འཛུགས་པར་འོས་བསྡུ་ལས་ཁང་དུ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད། ང་ཚོར་འགྲོ་སྟངས་དེ་འདྲ་ཞིག་མེད། ཆབ་སྲིད་ཚོགས་པ་འཛུགས་ཆོག་གི་མ་རེད་ཅེས་བཀག་འགོག་ཀྱང་བྱས་མེད། ཆབ་སྲིད་ཚོགས་པ་མེད་པར་བརྟེན་གཞུང་འཛིན་ཚོགས་པ་ Ruling Party དང་ཕྱོགས་འགལ་ཚོགས་པ་ Opposition Party ཟེར་བ་དེ་མེད། དེ་བཞིན་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ས་ཁུལ་གྱི་སྤྱི་འཐུས་ Territorial Members ཟེར་བ་ཞིག་མེད། རྒྱ་གར་ལྟ་བུར་མཚོན་ན་ཀང་ར་ལྟ་བུའི་ས་ཁུལ་དེར་སྤྱི་འཐུས་ཤིག་ཡོད། ང་ཚོའི་ལམ་ལུགས་ནང་ད་ལྟའི་ཆར་ཆོལ་ཁ་གསུམ་ནས་འཐུས་མི་བཅུ་རེ་དང་། ཆོས་བརྒྱུད་སོ་སོ་ནས་འཐུས་མི་གཉིས་རེ། ཡོ་རོབ་ནས་འཐུས་མི་གཉིས། ཕྱིས་སུ་ཨ་མི་རི་ཀར་འཐུས་མི་གཅིག་སྤར་ནས་ད་ལྟའི་ཆར་འཐུས་མི་གཉིས་དང་། ད་ལྟའི་ཆར་གསར་པ་ཡིན་པ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་དང་ཨོ་སི་ཊོ་ལི་ཤི་ཡ་ས་ཁུལ་ནས་འཐུས་མི་གསར་པ་གཅིག ཁྱོན་སྤྱི་འཐུས་གྲངས་ ༤༥ ཆགས་ཡོད། དེ་སྔོན་སྤྱི་འཐུས་གྲངས་ ༤༦ དེ་ནས་ ༤༣ ཆགས་པ་དང་། སྤྱི་འཐུས་གྲངས་ ༤༣ ཆགས་སྟངས་དེ་ཡང་ཕྱི་ལོ་ ༢༠༠༡ ལོར་༸གོང་ས་མཆོག་གི་ཐད་བསྐོས་གནང་རྒྱུ་དེ་མཚམས་འཇོག་མཛད་པ་ནས་བཟུང་སྤྱི་འཐུས་གྲངས་ ༤༣ ཆགས་པ་དང་། དེ་ནས་བྱང་ཨ་རིར་སྤྱི་འཐུས་གྲངས་ ༡ སྤར་བ་ལ་བརྟེན་ནས་སྤྱི་འཐུས་གྲངས་ ༤༤ ཆགས་ཡོད། ད་ལྟའི་ཆར་ཨོ་སི་ཊོ་ལི་ཤི་ཡ། ཉི་ཧོང་། ཐེ་ཝན་བཅས་ནས་སྤྱི་འཐུས་གཅིག་བཅས་ཐེངས་འདིའི་སྤྱི་འཐུས་འོས་འདེམས་གྲུབ་རྗེས་ཁྱོན་སྤྱི་འཐུས་གྲངས་ ༤༥ ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་བ་བཅས། །