ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་དང་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༠ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༢༩ འཁོར་བའི་ཉིན་མོ་དང་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་ཡོད།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཙོས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ལགས་དང། རྡ་སྟེང་དང་གྷོ་པལ་པུར། དཔེ་སྟོན་སློབ་གྲྭ་བཅས་ཀྱི་འགན་འཛིན་དང་སློབ་སྤྱི། དེ་བཞིན་རྡ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམས་འདུ་འཛོམས་ཐོག་ཁང་ཚན་ནང་ཁུལ་གྱིས་གུས་འདུད་རུ་སྒྲིག་ཕེབས་གྲུབ་མཚམས། ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རྔ་གླིང་དང་བཅས་བཏང་ཡོད། དེ་ནས་རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་དབུ་བརྙེས་པའི་ཉིན་མོ་དང་རྩེད་འགྲན་ཉིན་མོར་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། ད་ལྟ་སློབ་གྲྭའི་སློབ་སྤྱིས་ལས་བསྡོམས་ནང་ཞིབ་ཕྲ་གསུངས་སོང་། ཕྱག་ལས་སྤྱི་ཡོངས་ཀྱི་ཐོག་ནས་དགེ་ལས་རྣམ་པས་ཡག་པོ་དང་།
    དེ་བཞིན་སློབ་ཕྲུག་རྣམས་ཀྱིས་ཀྱང་སློབ་སྦྱོང་ཡག་་པོ་གནང་གི་ཡོད་པ། དེའི་ནང་ནས་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ ༥༥ ཐོན་རྗེས་སློབ་ཕྲུག་ཚོ་སེ་ལ་ཀུས་གཙོས་བོད་ཁྱིམ་ཡན་ལག་སློབ་གྲྭ་ཁག་ནས་ཐོན་ནས་སློབ་སྦྱོང་ཡག་པོ་གནང་གི་ཡོད་པ། ཁྱོན་བསྡོམས་སློབ་ཕྲུག་ ༤༢༠ ཡོད་ཁོངས་ནས་བུ་ ༡༡༦ དང་བུ་མོ་ ༣༠༤ ཡོད་པ་ཚང་མས་སློབ་སྦྱོང་ཐོག་ཧུར་བརྩོན་གནང་གི་ཡོད་པ། དེའི་ནང་ནས་བཟང་སྤྱོད་དང་འབྲེལ་བའི་ཐོག་ནས་རྣམ་པ་ཚོས་ལོ་འཁོར་འདིའི་ནང་རྒན་པས་གཞོན་པར་བྱམས་སྐྱོང་ཐོག་ནས་བལྟ་སྐྱོང་བྱེད་རྒྱུ་དང། ཞེ་ས་སྐྱོན་རྒྱུ་སོགས་ལས་གཞི་གསར་པ་སྤེལ་འདུག དེ་བཞིན་རྣམ་པ་ཚོས་དག་ཆ་འགྲན་བསྡུར་གནང་གི་ཡོད་པ་མ་ཟད། བགྲོ་གླེང་གནང་རྒྱུའི་ཐོག་དོ་སྣང་དང་མཉམ་ཞུགས་གནང་མཁན་མང་པོ་ཡོད་སྐོར་གསུངས་སོང། དམིགས་བསལ་ང་རང་མཚོན་ན་སློབ་གྲྭའི་དུས་ནས་བགྲོ་གླེང་ལ་དབྱིངས་ཡོད་མཁན་ཞིག་ཡིན། དེར་བརྟེན་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོར་དམིགས་བསལ་དགའ་བསུ་ཡོད་ཅེས། ཞུ་རྒྱུ་ཡིན། དེ་བཞིན་རྐང་རྩེད་པོ་ལོར་རྒྱལ་ཁ་ཐོབ་མཁན་བུ་དང་བུ་མོའི་རུ་ཁག་ལ་འཚམས་འདྲི་ཡོད། རིགས་ལམ་བརྒྱུད་སློབ་ཚན་ཁག་སློབ་ཁྲིད་གནང་རྒྱུར་དགེ་རྒན་རྣམ་པ་དང་དམིགས་བསལ་ཆོས་དགེ་རྣམ་པས་ཐུགས་འཁུར་བཞེས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྣམ་པ་ཚོའི་དྲྭ་རྒྱ་དེ་ཡང་དགེ་རྒན་དང་སློབ་ཕྲུག་ཐུན་མོང་གིས་འགན་འཁྱེར་ཏེ་དྲྭ་རྒྱའི་སྟེང་གནས་ཚུལ་ཁག་དུས་ཐོག་འདོན་གྱི་ཡོད་པའི་རྣམ་པ་གསལ་པོ་འདུག་ཅེས་ཞུ་རྒྱུ་ཡིན། རྩེད་མོ་དེ་འཕྲོད་བསྟེན་ལ་ཕན་གྱི་ཡོད་པར་བརྟེན་ཧ་ཅང་གལ་ཆེན་པོ་རེད། ཆུང་དུས་རྩེད་མོ་རྩེ་མཁན་ཞིག་ཡིན་ན་ལོ་ཆེན་པོ་ཆགས་སྐབས་གཟུགས་པོ་བདེ་བ་ཡོང་གི་ཡོད། དེར་བརྟེན་རྩེད་འགྲན་ནང་འཛུལ་ཞུགས་བྱེད་མཁན་ཚང་མ་ཧ་ཅང་ཡག་པོ་རེད་ཅེས་ཞུ་རྒྱུ་ཡིན།
   དམིགས་བསལ་དེང་དུས་ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་ཐོག་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད། ཕྱོགས་གཅིག་ནས་ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་ཆགས་ཡོད་སྟབས། མི་སྐྱོ་པོའི་ན་ཚ་ཀྲི་བིའི་ནད་གཞི་འདི་ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་ཐོན་བཞིན་ཡོད། ཀྲི་བི་དེའི་ནང་ནས་(MDR & XDR) དེ་དག་ཧ་ཅང་ཉེན་ཁ་ཆེན་པོ་རེད། XDR ནད་གཞི་ཕོག་པའི་མི་དེ་སྨན་བཅོས་ཡག་པོ་ཞིག་མ་བྱུང་ན་ཕལ་ཆེར་གྲོངས་རྒྱུ་རེད། དེ་བཞིན་དཔལ་འབྱོར་ཡོད་པའི་ནད་གཞི་ཟེར་ནའང་འགྲིག་པ། དཔེར་ན། གཅིན་ནི་དང། ཁྲག་ཤེད། རྙིང་གི་ན་ཚ་སོགས་ང་ཙོའི་སྤྱི་ཚོགས་ནང་ཁྱབ་བཞིན་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་འདྲ་བ་ཞིག་ལ་དབུལ་ཕྱུག་གཉིས་ཀའི་ན་ཚ་ཡོད། རྩེད་མོ་དང་འཕྲོད་བསྟེན་ལ་དུས་རྟག་ཏུ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་སྤྱིས་གསུངས་པ་བཞིན་ཟས་བཅུད་སོགས་དེ་དག་ཚང་མར་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོ་སློབ་གྲྭ་འདིར་གཙོ་བོ་ཤེས་ཡོན་ཆེད་ཕེབས་པ་རེད། ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༠ ཉིན་དབུ་འབྱེད་མཛད་ཅིང། རྡ་ཤོད་བོད་ཁྱིམ་དང་བོད་ཁྱིམ་སྤྱི་ཡོངས་ཀྱི་སློབ་སྦྱོང་ཐོག་ཧ་ཅང་དོ་སྣང་གནང་གི་ཡོད། འོན་ཀྱང་འཛིན་རིམ་བཅུ་པ་ཐོན་མཁན་ཚོ་གང་དུ་ཕེབས་ཀྱང་ཤེས་ཡོན་གལ་ཆེ་ཡིན་པ་ཐུགས་ལ་ཉར་རོགས་གནང་ཞུ་རྒྱུ་ཡིན། གཞི་རྩའི་ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། ན་ནིང་ལོར་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༤ བྱུང་ཡོད་པ་དང་འདི་ལོར་སློབ་ཕྲུག་ ༡༣ བྱུང་ཡོད། ན་ནིང་ལོར་བརྒྱ་ཆ་ ༧༠ ནས་ ༧༥ ལོན་མཁན་ ༢༤༢ བྱུང་ཡོད་པ་དང་། འདི་ལོ་ ༣༤༥ བྱུང་ཡོད། ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བརྒྱ་ཆ་ ༩༥ ལོན་མཁན་བྱུང་མེད། འདི་ལོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་བརྒྱ་ཆ་ ༩༥།༤ ལོན་ཐུབ་པ་བྱུང་ཡོད། ཁོང་རང་ལ་སྲིད་སྐྱོང་སློབ་ཡོན་ཡང་ཐོབ་ཡོད། དེས་ག་རེ་བཏོན་གྱི་ཡོད་རེད་ཅེ་ན། ཕ་མ་དང་སློབ་ཕྲུག་ནས་ཤེས་ཡོན་ལ་ཐུགས་སྣང་གནང་གི་ཡོད་པ་དང་། དེ་བཞིན་སྤྱིར་སློབ་ཕྲུག་ཚོའི་ངོས་ནས་སློབ་སྦྱོང་ཐོག་འབད་བརྩོན་དང་། ཡང་སྒོས་དགེ་ལས་ཕ་མ་ཡོངས་ཀྱིས་འབད་བརྩོན་གནང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་དགའ་བསུ་དང་སྦྲགས་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ཐེངས་འདིའི་བཀའ་ཤག་གི་ངོས་ནས་ཤེས་ཡོན་གལ་ཆེ་ཤོས་ཤིག་ཏུ་རྩིས་ཀྱི་ཡོད་པ་གསལ་བསྒྲགས་གནང་ཡོད། དེས་གང་མཚོན་གྱི་ཡོད་ཅེ་ན། ཤེས་ཡོན་གལ་ཆེ་ཤོས་ཡིན་པ་དང་དེར་མཐོང་གནང་གི་ཡོད་པ། དེ་གཞིར་བཟུང་དགེ་རྒན་དང་ལས་བྱེད་རྣམ་པ་ཚོས་འབད་བརྩོན་གནང་བ་དེར་བསྔགས་བརྗོད་དང་སྦྲགས་ངོས་འཛིན་བྱེད་བཞིན་ཡོད། ཤེས་ཡོན་དེ་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཡིན་པར་བརྟེན་བོད་པའི་སྤྱི་ཚོགས་ཀྱི་མ་རྩ་ཆེ་ཤོས་དེ་ཆགས་ཡོད། ཤེས་ཡོན་འདི་གཙོ་བོར་གཞིར་བཞག་ཐོག་སྤྱི་ཚོགས་དང་དགེ་ལས་སློབ་ཕྲུག་ཡོངས་ནས་འབད་བརྩོན་གནང་མཁར་སྤྱི་ཚོགས་ཡར་རྒྱས་འགྲོ་བར་སྤྱི་ཚོགས་ནང་ཤེས་ཡོན་ཡོད་པའི་མི་སྣ་མང་དུ་འགྲོ་དགོས་ཀྱི་ཡོད་པ་མ་ཟད། ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་གནང་མཁན་མང་དུ་འགྲོ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྒྲུབ་བསྟུན། སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༣ ལོའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་ཀྱི་གསལ་བསྒྲགས་གནང་། དེ་ནས་ཕྱི་ལོ་ ༢༠༡༢ ལོའི་རྩེད་འགྲན་པ་ལེགས་ཤོས་ཀུན་དགའ་གཡུ་ཐོག་ལགས་ཀྱིས་དཔལ་འབར་སྒྲོན་མེ་ཞལ་ཕྱེ་གནང་རྗེས། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ཕུན་ཚོགས་ཚེ་རིང་དང་པདྨ་ལྷ་སྐྱིད་གཉིས་ཀྱིས་རྩེད་འགྲན་གྱི་དམ་བཅའ་ཕུལ། དེ་ནས་སློབ་ཕྲུག་རྣམས་ཀྱིས་མཁྱེན་པའི་ཡེ་ཤེས་རྔ་རོལ་དང་བཅས་ཕུལ་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་བུ་རྒན་པ་མི་ཊར་ ༨༠ གདོང་བཀག་རྒྱུག་ཤར་ལ་རྒྱལ་ཁ་ཐོབ་མཁན་དང་བུ་མོ་རྒན་པ་མི་ཊར་ ༨༠ གདོང་བཀག་རྒྱུག་ཤར་ལ་རྒྱལ་ཁ་ཐོབ་མཁན་རྩེད་འགྲན་པ་ཚོར་བྱ་དགའ་དང་གཟེངས་རྟགས་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་བཟོས་པའི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་བཅས།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་འདྲེན་བཀོད་ཞུས།

སྔོན་མ།
སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭས་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་བ།
ཕྱི་མ།
སྲིད་སྐྱོང་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་རྣམས་ལ་གསུང་བཤད་གནང་བ།