ཟླ་རེའི་གསར་འགྱུར།

གཏམ་རྒྱུད་གྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་བཅུ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱིས་བརྩམས་པའི་གཞི་རིམ་བར་མའི་སློབ་ཕྲུག་གི་གནས་ཚད་དང་འཚམས་པའི་༼གཏམ་རྒྱུད་གྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ།༽ ཞེས་པའི་དེབ་ཕྲེང་བཅུ་དབུ་འབྱེད་དང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་དྲ་ཐོག་དབུ་འབྱེད་གནང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། ཀིརྟི་བྱེས་པ་གྲྭ་ཚང་གི་མཁན་པོ་དང་དགེ་འདུན་པ་ཁག་གཅིག དེ་བཞིན་རྡ་ཤོད་བོད་ཁྱིམ་དང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་ངོ་སྤྲོད་གསུང་བཤད་གནང་རྗེས་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱིས་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་ཁག་ངོ་སྤྲོད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གཏམ་རྒྱུད་གྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་ཁག་བཅུ་དང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་དྲ་ལམ་ཐོག་དངོས་སུ་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན། དེ་རིང་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིམ་གལ་ཆེན་པོ་གཉིས་དབུ་འབྱེད་ཞུ་རྒྱུའི་མཛད་སྒོར་རྣམ་པ་ཚོ་ཕེབས་པར་ཤེས་རིག་ལས་ཁུངས་ངོས་ནས་དགའ་བསུ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དང་པོ་དེར་ངས་མཐོང་ཚོར་གང་བྱུང་ཞེ་ན། ནམ་རྒྱུན་ཡིན་ན་ང་ཚོས་གསར་འགོད་གསལ་བསྒྲགས་སོགས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དང་། ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་བྱེད་ཀྱི་ཡོད། དེ་རིང་སློབ་གྲྭའི་ནང་དངོས་སུ་བྱེད་ཡོང་དུས་སློབ་ཕྲུག་ཚོ་ཡིན་ནའང་ཁྱེད་རང་ཚོའི་ཆེད་དུ་བྱེད་ཀྱི་ཡོད་པ་ཤེས་པ་དང་། དེ་བཞིན་དགེ་འདུན་པ་མང་པོ་ཕེབས་ཡོད། ནམ་རྒྱུན་ཤེས་རིག་ལས་ཁུངས་ནས་བྱས་པ་དང་། རྒན་ལགས་རྣམ་པས་དཀའ་ལས་བསྐྱོན་པ། ཕ་མ་ཚོས་དོ་སྣང་བྱས་པ་གཅིག་པུ་མིན་པར་སློབ་ཕྲུག་ཚོར་ཆ་བཞག་པ་ཡིན་ན། དགེ་འདུན་པ་ཁོང་རྣམ་པས་ཁྱེད་རང་ཚོའི་ཆེད་དུ་ཕྱག་རོགས་གང་འདྲ་གནང་གི་ཡོད་པ་བཅས་ཆ་ཚང་འཛོམས་པ་ལྟ་བུ་གྲ་སྒྲིག་ཧ་ཅང་ཡག་པོ་བྱུང་འདུག་པར་བརྟེན། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་རིང་རེ་མདོ་སེང་གེ་ལགས་ཀྱིས་འཛིན་རིམ་བདུན་པ་ཡན་གྱི་སློབ་ཕྲུག་ཆེད་དེབ་ཕྲེང་བཅུ་བཏོན་གནང་བ་རེད། དེབ་བཅུ་ཟེར་དུས་འབོར་ཧ་ཅང་ཆེན་པོ་འདུག དེབ་ཕྲེང་བཅུ་སྡེབ་གཅིག་ཏུ་བཏོན་ཟེར་དུས་ལས་ཀའི་ཐོག་ནས་ཀྱང་ཧ་ཅང་འབོར་ཆེན་པོ་རེད། སྐུ་ཞབས་རེ་མདོ་སེང་གེ་ལགས་ཀྱིས་སློབ་ཕྲུག་ཁྱེད་རང་ཚོའི་ཆེད་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ་དང་། བོད་ཡིག་ཡར་རྒྱས་ཡོང་ཆེད་སྐུ་ལས་བསྐྱོན་ནས་དེབ་ཕྲེང་བཅུ་བཏོན་པར་རང་བཞིན་གྱི་དགའ་ཚོར་ཡོང་གི་འདུག དཔེ་དེབ་དེ་དག་ཤེས་རིག་ལས་ཁུངས་ནས་པར་སྐྲུན་ཞུས་པ་རེད། གོང་དུ་ཤེས་ཡོན་འགན་གྱིས་གསུངས་པ་ནང་བཞིན་རེ་མདོ་སེང་གེ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་འགྲོ་སྟངས་ཐོག་ལྟ་ཞིབ་གནང་སྟེ་དེབ་ཅིག་བཏོན་གནང་བ་རེད།
དཔེར་ན་ཤེས་རིག་ལས་ཁུངས་ལ་ཆ་བཞག་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། བོད་པའི་སྐད་ཡིག་གི་གཙོས་པའི་སོ་སོའི་རིག་གཞུང་རང་སྐྱ་འཕེར་བའི་ཐོག་དེང་དུས་ཀྱི་ཤེས་ཡོན་བཅས་འདབ་ཤོག་གཉིས་ལྡན་ཆགས་རྒྱུ་བཅས་ཡིན། དམིགས་ཡུལ་དེ་གཉིས་ཇི་ཙམ་སླེབ་ཀྱི་འདུག་ཅེས་ལྟ་དུས་བར་ལམ་ནས་ཤེས་ཡོན་ཐོག་བཀའ་མོལ་མང་པོ་ཡོང་དུས་གཉིས་ཀར་ཧྲ་ཐག་ཐག་མེད་པའི་བཟོ་འདྲ་བོ་དང་། ལྷག་པར་བོད་ཡིག་ཐོག་གནས་ཚུལ་དེ་འདྲ་འབྱོར་ཡོང་དུས་ཐོག་མའི་དམིགས་ཡུལ་དེ་མེད་པར་ཆགས་ཀྱི་འདུག་སྙམ་པའི་སེམས་ཁྲལ་ཧ་ཅང་ཡོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།

སྔོན་མ།
ཉེ་བའི་འབུམ་རམས་པ་དང་འབུམ་རམས་པ། གཙུག་ལག་རབ་འབྱམས་པ། ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་ཐོབ་པའི་མིང་ཐོའི་རེའུ་མིག
ཕྱི་མ།
ཕྱི་ལོ་ ༢༠༡༧ ལོའི་པེ་ས་ཊ་ལོ་ཛིའི་སློབ་ཡོན་ནང་འདེམས་ཐོན་བྱུང་བའི་རེའུ་མིག