ཟླ་རེའི་གསར་འགྱུར།

གཞི་རིམ་སློབ་གྲྭའི་ཚན་རིག་གི་ཐ་སྙད་གཏན་འབེབས་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ ནས་ ༡༠ བར་ཉིན་ལྔའི་རིང་། འདི་ག་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག གཞི་རིམ་སློབ་གྲྭའི་ཚན་རིག་གི་ཐ་སྙད་བོད་སྒྱུར་གྱིས་སྔོན་འགྲོའི་གཏན་འབེབས་ཚོགས་འདུ་ཐེངས་གཉིས་པ་དེ་ས་རཱ་མཐོ་སློབ་ཏུ་ཚོགས།

ཚོགས་འདུ་དེར་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས། ཚན་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས། བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས།དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། དེ་བཞིན་སཾབྷོ་ཊའི་སློབ་ཁོངས་ནས་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་། ཚན་རིག་ཐ་སྙད་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་ལགས་བཅས་ཚོགས་ཞུགས་གནང་ཡོད།

ཉིན་ལྔའི་གཏན་འབེབས་ཚོགས་འདུའི་ནང་ཐ་སྙད་གྲངས་ ༢༠༠ ལྷག་ཙམ་གྱི་སྔོན་འགྲོའི་གཏན་འབེབས་གྲུབ་ཅིང་། དེའི་ཁྲོད་ནས་བརྡ་ཆད་གཏན་འབེབས་ཚན་པས་གཏན་ལ་ཕབ་ཟིན་པའི་ཐ་སྙད་ཡོད་རིགས་ལའང་ཞིབ་དཔྱད་ཀྱིས་ལེགས་བཅོས་དགོས་རིགས་ཁག་ལ་དགོངས་འཆར་ཕུལ་ཡོད།

སྔོན་འགྲོའི་གཏན་འབེབས་གནང་ཟིན་པའི་ཐ་སྙད་དེ་དག་ཤེས་རིག་བརྡ་ཆད་ཚན་པ་བརྒྱུད་ཆེས་མཐོའི་གཏན་འབེབས་ལྷན་ཚོགས་ནས་རིམ་པས་གཏན་འབེབས་གནང་སྟེ་སྤྱི་ཚོགས་སུ་ཡོངས་ཁྱབ་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད།

ད་ལན་ཚན་རིག་ཐ་སྙད་བོད་སྒྱུར་ལས་གཞིའི་འགྲོ་གྲོན་མཐུན་འགྱུར་ཆ་ཚང་ཌེན་མཱརྐ་གཞུང་གི་ཌ་ནི་ཌ་(DANIDA)རོགས་ཚོགས་ནས་གནང་ཡོད་པ་རེད།

སྔོན་མ།
ཤེས་རིག་དྲུང་ཆེས་དབུ་ཁྲིད་པའི་སྐུ་ཚབ་གསུམ་ཌེན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་དུ་འཚམས་གཟིགས་སུ་ཕེབས།
ཕྱི་མ།
འཛིན་རིམ་བདུན་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།