ཟླ་རེའི་གསར་འགྱུར།

དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན་དམིགས་བསལ་ལས་འགུལ་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་གྱི་སྡེ་ཚན་སོ་སོའི་ནང་ནས་ཤེས་ཡོན་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་གཟེངས་རྟགས་ལོ་ལྟར་གནང་རྒྱུར་སྲོལ་གཏོད་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་ཏེ་མིག་དཔེ་བཟང་པོ་སྟོན་རྒྱུའི་ཆེད་དུ་ཡིན་པ་དང་། འདི་ལོ་ནི་བྱ་དགའ་གནང་ཐེངས་བཅུ་པ་དེ་ཡིན་པ་བཞིན་སློབ་ཕྲུག་རྩེ་ཕུད་གསུམ་ལ་ལེགས་སྐྱེས་སུ་ཕྱག་འཁྱེར་དང་། ཧིན་སྒོར་ ༥༠༠༠ དཔེ་དེབ་ཁག་གཅིག་བཅས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་ཀུ་མར་ རྡུ་མལ་མཆོག་གིས་གསོལ་སྩལ་གནང་བའི་སློབ་མའི་ངོ་སྤྲོད་གནས་བསྡུས་ནི།
༡༽ ཚན་རིག་སྡེ་ཚན་ཁོངས་ནས། སེ་ལ་ཀུ་ཡི་བོད་ཁྱིམ་སློབ་གྲྭའི་སློབ་མ། བསྟན་འཛིན་ཚེ་རིང་ལགས། བརྒྱ་ཆ་ ༩༠།༦༠ ཐོབ་ཡོད་པ་དང་།
ད་ལྟ་ལྡི་ལི་ཧན་ས་རཇ་མཐོ་སློབ་ཏུ་(Hansraj College. Delhi) སློབ་སྦྱོང་བྱེད་བཞིན་ཡོད།
༢༽ སྒྱུ་རྩལ་སྡེ་ཚན་ཁོངས་ནས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ། རིན་ཆེན་དབང་མོ་ལགས། བརྒྱ་ཆ། ༩༢།༨ ཐོབ་ཡོད་པ་དང་། ད་ལྟ་ཡུ་པི་ཨེམ་མི་ཊི་གཙུག་ལག་སློབ་གཉེར་ཁང་དུ་ (Amity University. UP) སློབ་སྦྱོང་གནང་བཞིན་ཡོད།
༣༽ ཚོང་རིག་སྡེ་ཚན་ཁོངས་ནས། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ། བསྟན་འཛིན་ཆོས་འཛོམས་ལགས། བརྒྱ་ཆ་ ༨༩།༢ ཐོབ་ཡོད་པ་དང་། ད་ལྟ་བྷེང་ལོར་མཐོ་སློབ་ཁང་དུ། (St. Josephs’ College Banglore) སློབ་སྦྱོང་བྱེད་བཞིན་ཡོད་པ་བཅས་ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་ཡོད་པ་རེད།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
༸གོང་ས་མཆོག་གིས་ཨིན་དྷི་ར་གྷན་དྷི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་ཚན་པ་ཞིག་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག
ཕྱི་མ།
བཀའ་ཁྲི་མཆོག་གིས་བོད་པའི་སློབ་སྤྱི་རྣམས་དང་ལྷན་བགྲོ་གླེང་གནང་བ།