དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས།
༄༅། །ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་ལྟར། འདི་ག་ཤེས་རིག་ལས་ཁུངས་ནས་ད་ལོ་བྱ་དགའ་གནང་ཐེངས་ ༡༧ པ་དེ་ཆགས་ཡོད།
གཟེངས་རྟགས་འདིའི་དམིགས་ཡུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་ཡིན།
བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེར་བརྩིས་གནང་གི་ཡོད་པ་བཞིན་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་དེ་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག་ ༩ ལ་སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་ཨང་དང་པོ་སྒོར་ ༢༠༠༠༠ དང་ཨང་གཉིས་པར་སྒོར་ ༡༥༠༠༠ ཨང་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད།
འདི་ལོའི་གཟེངས་རྟགས་ཐེངས་ ༡༧ པ་དེ་བཞིན་ཕྱི་ལོ་ ༢༠༡༨ ནང་འཛིན་རིམ་ ༡༢ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་མ་དགུ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་གནང་གི་ཡོད།
སྲིད་སྐྱོང་གཟེངས་བསྟོད།
སྲིད་སྐྱོང་གཟེངས་བསྟོད་བཞེས་མཁན་སློབ་མ་གསུམ་གྱི་མཚན་དང་ངོ་སྤྲོད་སྙིང་བསྡུས།
-
ཚེ་རིང་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༨༥ ལོར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་འཁྲུངས་པ་དང་། དེ་གའི་གཞིས་ཆགས་ཁོངས་ཀྱི་སློབ་གྲྭ་ནས་དམའ་རིམ་དང་། སྤོན་ཊ་སམ་བྷོ་ཊ་གཏན་སློབ་ནང་འཛིན་རིམ་བཅུ་གཉིས་བར་འགྲིམས། ༢༠༠༧ ལོར་དིལླཱི་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ༢༠༠༩ ལོར་གཙུག་ལག་རབ་འབྱམས་པ་ཐོན། ༢༠༡༠ ལོར་ཉེ་བའི་རིགས་གཅིག་རྐང་འཛིན་སློབ་ཐོན་དང་། དེ་རྗེས་ UGC (གཙུག་ལག་སློབ་གཉེར་ཁང་གི་རོགས་སྐྱོར་ལྷན་ཚོགས་) ནས་ཉམས་ཞིབ་གཞོན་པའི་གཙུག་ལག་སློབ་ཡོན་ཐོབ་སོན་བྱུང་སྟེ་ ༢༠༡༧ ལོར་རིགས་གཅིག་རྐང་འཛིན་གྱི་བསླབ་པ་མཐར་སོན་བྱུང་བ་བཅས། ཉམས་ཞིབ་དཔྱད་རྩོམ། (Ph.D. Thesis)
༼ཧི་མཱ་ལ་ཡའི་རི་རྒྱུད་དུ་ནང་ཆོས་དར་འཕེལ་བྱུང་བའི་གཏེར་མའི་ཆོས་བརྒྱུད་ཀྱི་ཤུགས་རྐྱེན་ཇི་ཐེབས་ཀྱི་དཔྱད་ཞིབ།༽ (An Appraisal of the Contribution of gTerma Tradition to the Dissemination of Buddhism in the Himalayas)
-
བསྟན་འཛིན་དགེ་རྒྱས་ལགས་ནི། ཕྱི་ལོ་ ༡༩༨༣ ལོར་མདོ་ཁམས་རྒྱ་སྟོན་སྲ་སྟེང་སྐེད་རགས་གྲོང་དུ་འཁྲུངས་པ་དང་། ༡༩༩༤ ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར། པ་ཀུལ་བོད་ཁྱིམ་དང་སྦེལ་ཀོབ་བོད་ཁྱིམ་ནང་གཞི་རིམ་སློབ་སྦྱོང་བྱས་ཤིང་ ༢༠༡༠ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཨཱ་ཙཱརྱའི་བསླབ་པ་མཐར་སོན་པ་དང་། ༢༠༡༤ ལོར་དཔེ་མཛོད་རིག་པའི་གཙུག་ལག་རབ་འབྱམས་པ་ཟུར་རྒྱུགས་སློབ་ཐོན། ༢༠༡༨ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་རིགས་གཅིག་རྐང་འཛིན་གྱི་བསླབ་བ་མཐར་སོན་ཞིང་། ད་ལྟའི་ཆར་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་ཁང་གི་སྡེ་ཚན་འགན་འཛིན་དང་། ཞོར་དུ་བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག རྒྱལ་རབས་ལོ་རྒྱུས་བཅས་ཀྱི་སློབ་ཁྲིད་གནང་མུས།
ཉམས་ཞིབ་དཔྱད་རྩོམ། (Ph.D. Thesis) ༼སྔ་འགྱུར་རྙིང་མའི་གཏེར་ཆོས་རིག་གནས་ཀྱི་བྱུང་རབས་ལ་དཔྱད་པ།༽ (An Analytical Study on the origin of the Terma Literature in Nyingma School)
-
བློ་བཟང་ཆོས་སྒྲོན་ལགས་ནི། ཕྱི་ལོ་ ༡༩༧༧ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཁྲུངས་པ་དང་། དེ་གའི་གཞིས་ཆགས་ཁོངས་ཀྱི་གཞི་རིམ་སློབ་གྲྭའི་ནང་འཛིན་རིམ་བཅུ་གཉིས་བར་འགྲིམས། ༢༠༠༥ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་གསོ་བ་རིག་པ་དང་རྩིས་ཀྱི་ཐོག་ཨཱ་ཙཱརྱའི་བསླབ་པ་མཐར་སོན། དེ་རྗེས་གཙུག་ལག་སློབ་གཉེར་ཁང་དེ་རང་གི་ཚིག་མཛོད་སྡེ་ཚན་ནང་ཕྱག་ལས་གནང་མུས་ཐོག་ ༢༠༡༨ ལོར་རིགས་གཅིག་རྐང་འཛིན་གྱི་བསླབ་བ་མཐར་སོན།
ཉམས་ཞིབ་དཔྱད་རྩོམ། (Ph.D. Thesis) ༼དཔལ་དུས་ཀྱི་འཁོར་ལོའི་གཞུང་ནས་བསྟན་པའི་འཇིག་རྟེན་ཁམས་གྲུབ་ཚུལ་ལ་དཔྱད་པ།༽ (The Concept of Cosmology Special Reference to Kalchakra Tantra)