ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེའི་ཟབ་སྦྱོང་འགོ་འཛུགས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ནས་ ༡༢ བར་ཉིན་བརྒྱད་རིང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེ་རྣམས་ལ་སྔོན་འགྲོའི་སློབ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་ཞིག་དྷ་ས་དབུས་སྣེ་ལེན་ཁང་དུ་འགོ་འཛུགས་ཞུས་ཡོད་པ་དང༌། ཐེངས་འདིའི་ཟབ་སྦྱོང་ནང་གཞིས་ཆགས་ཁག ༡༤ ཡི་སྔོན་དགེ་གྲངས་ ༣༤ ནས་མཉམ་ཞུགས་གནང་ཡོད་འདུགདབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་དང༌། གཞན་ཡང་དྷ་ས་བོད་ཁྱིམ་སྔོན་འགྲོའི་འགན་འཛིན་དགེ་ཨོ་རྒྱན་ལགས་བཅས་ཚོགས་ཕེབས་གནང་ཡོད་པ་རེད། དང་ཐོག་ཟབ་སྦྱོང་ཚོགས་བཅར་བ་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་རེ་གནང་རྗེས། སྐུ་མགྲོན་གཙོ་བོ་ནས་ཉེ་སྔོན་དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་སློབ་གྲྭ་ཡོངས་རྫོགས་དང་སྦེལ་ཀོབ་དབུས་ཉིན་སློབ་ཀྱི་འོག་ལ་ཡོད་པའི་གཞི་རིམ་འོག་མའི་སློབ་ཁག་བཞི་རྩིས་ལེན་ཟིན་རྗེས་གང་ཅིའི་གནས་སྟངས་ཚགས་ཚུད་ངང་འགྲོ་བཞིན་ཡོད་པས། མ་འོངས་པར་ཡང་སློབ་ཁག་གཞན་རྣམས་ཀྱང་རྩིས་ལེན་རྗེས་འཐུས་ཤོར་མི་འགྲོ་བའི་འབད་བརྩོན་ཡོད་རྒུ་ཞུ་ངེས་གསུངས། ད་ལན་སྔོན་འགྲོའི་ཟབ་སྦྱོང་འདི་བརྒྱུད་སློབ་གྲྭ་སོ་སོར་བོད་ཡིག་དང་ཨང་རྩིས་ཀྱི་སྔོན་འགྲོའི་ཁྲིད་ཆས་ཕོན་ཆེ་འགྲེམས་སྤེལ་ཞུ་གཏན་འཁེལ་ཡོད་པ་མ་ཟད། དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་སྔོན་འགྲོའི་སྡེ་ཚན་གྱི་འགན་འཛིན་ནས་དགེ་ཨོ་རྒྱན་ལགས་ནས་མོན་ཊི་སོ་རིའི་ལྟ་གྲུབ་དང་སྔོན་འགྲོའི་ཨང་རྩིས་ཁྲིད་ཐབས། བོད་ཁྱིམ་སྔོན་འགྲོའི་འགན་འཛིན་ལས་རོགས་དགེ་བློ་བཟང་ཡར་འཕེལ་ལགས་ནས་སྔོན་འགྲོའི་བོད་ཡིག་ཁྲིད་ཐབས། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་ཟུར་དྲུང་སྒྲོལ་དཀར་དབང་མོ་ལགས་ནས་བྱིས་པའི་སེམས་ཁམས་རིག་པ། དྷ་ས་སྔོན་དགེ་པདྨ་སྒྲོལ་མ་ལགས་ནས་སྔོན་འགྲོའི་གླུ་གཞས་ཁག སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ངོ་སྤྲོད། ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་ཨ་རི་བོད་ཀྱི་ཐེབས་རྩའི་ཤེས་ཡོན་སློབ་སྟོན་པ་དར་རྒྱས་ལགས་ནས་དགེ་རྒན་ཁྱད་ལས་གོང་མཐོར་གཏོང་ཕྱོགས་ཀྱི་ལས་གཞི་སྐོར་སློབ་ཁྲིད་གནང་རྒྱུ་ཡིན་པ་མ་ཟད། ཟབ་སྦྱོང་བ་ནང་ཁུལ་ཉམས་མྱོང་བརྗེ་རེས་སོགས་ཀྱི་ལས་རིམ་བཀོད་སྒྲིག་ཞུས་ཡོད་པ་བཅས་ཀྱི་སྐོར་གསུངས།
    དེ་མིན་སྐུ་མགྲོན་གཙོ་བོ་མཆོག་ནས་ཇི་སྲིད་ང་རང་ཚོའི་སྤྱི་ཚོགས་དང་འཚམས་པའི་སྔོན་འགྲོའི་ལམ་ལུགས་ཤིག་གཏན་འབེབས་མ་གྲུབ་བར་དེ་སྲིད་དུ་སྔོན་འགྲོའི་སློབ་གྲྭ་ཁག་ནང་མོན་ཊི་སོ་རིའི་ལམ་ལུགས་ལག་བསྟར་ཞུ་གི་ཡོད་སྐོར་དང༌། མོན་ཊི་སོ་རིའི་ལྟ་གྲུབ་ཀྱི་གཞི་རྟེན་གལ་ཆེ་བ་ཞིག་ནི་དགེ་རྒན་གྱིས་སློབ་ཕྲུག་ཚོར་བརྩེ་དུང་དང་ཆེ་མཐོང༌། བློ་རིག་རྣམ་དཔྱོད་བཀྲ་བའི་མིར་འདུ་ཤེས་སྤྲད་ཐུབ་པ་ཞིག་དགོས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་དང༌། གཞན་ཡང་མོན་ཊི་སོ་རིའི་ལྟ་གྲུབ་ནང་ཕྲུ་གུ་ལོ་གསུམ་ནས་དྲུག་བར་གྱི་དུས་ཡུན་དེར་ཤེས་བྱའི་གནས་གསར་པ་སྦྱང་འདོད་ཡོད་པའི་འདུན་པ་དེ་མ་འོངས་པར་ལོ་བརྒྱད་ཅུ་བཞུགས་ཀྱང་སླར་འདུན་དེ་ལྟ་བུ་ཞིག་སླེབས་ཐབས་མེད་པའི་སྐོར་གསུངས་ཡོད་སྟབས། དུས་ཚོད་དེ་འདྲ་ཞིག་གི་སྐབས་ནས་ཕྲུ་གུའི་རྒྱུད་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་དེ་བསྐྲུན་ཐུབ་པ་ཞིག་བྱུང་ན་མ་འོངས་པར་མི་ཧྲིལ་པོར་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་མཁན་ཞིག་ཡོང་ཐུབ་རྒྱུ་ཡིན་པས། ང་ཚོས་ངེས་པར་དུ་སྔོན་འགྲོའི་གནས་སྐབས་ནས་ལམ་ཕྱོགས་མ་ནོར་བ་ཞིག་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པའི་སྐོར་གསུངས།
    མཐའ་དོན་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཟབ་སྦྱོང་གོ་སྒྲིག་ཞུ་ཡུལ་འབྲེལ་ཡོད་དབུ་ལས་དང༌། སློབ་ཁྲིད་གནང་མཁན་ཆེད་མཁས་རྣམ་པ། ཕྱོགས་མཐའ་ནས་ཕེབས་པའི་ཟབ་སྦྱོང་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་མཇུག་བསྒྲིལ་ཡོད་འདུག
 

སྔོན་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང།
ཕྱི་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།
Menu