ཟླ་རེའི་གསར་འགྱུར།

བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་དང་ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ནས་ ༡༥ བར་ཉིན་གྲངས་ལྔའི་རིང་། བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཚུགས་ཡོད་ཅིང་། ཟབ་སྦྱོང་དེར་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ ༣༡ ནས་གཞི་རིམ་བར་མའི་དགེ་རྒན་ ༣༦ དང་། ས་རཱ་མཐོ་སློབ་ཏུ་སྦྱོང་བརྡར་བྱེད་མུས་དགེ་རྒན་འོས་སྦྱོང་པ་སོགས་ཁྱོན་མི་གྲངས་ ༤༨ འཛུལ་ཞུགས་གནང་ཡོད།  ཟབ་སྦྱོང་གི་སློབ་དཔོན་ནི། ༸གོང་ས་མཆོག་གི་སྐུའི་གསུང་སྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་རེད།
    དེ་ཡང་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་དང་། ཤེས་རིག་ཤེས་ཡོན་འགན་འཛིན་འཛིན་ཚེ་རིང་བསམ་གྲུབ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་བཅས་ཕེབས་ཡོད།
    མཛད་སྒོའི་ཐོག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་ལས་རིམ་དང། དམིགས་ཡུལ། སློབ་གྲྭ་ཁག་གི་བོད་ཡིག་གི་གནས་ཚད་སོགས་ངོ་སྤྲོད་གནང་ཡོད་པ་དང་། དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་གནས་སྟངས་དང། ཟབ་སྦྱོང་སློབ་སྟོན་པའི་ལོ་རྒྱུས་དང་བྱས་རྗེས་སོགས་ངོ་སྤྲོད་གནང། དེ་བཞིན་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གཙོ་བོ་ཟབ་སྦྱོང་འདི་འདྲ་ཞིག་གཉེར་བའི་ཀུན་སློང་དང་ལས་རིམ་མདོར་བསྡུས་ངོ་སྤྲོད་གནང་སྟེ་མཛད་སྒོ་གྲོལ།
    ཟབ་སྦྱོང་དངོས་གཞི་ཉིན་ལྔའི་རིང་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྩམས་པའི་<<བོད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་>>ཅེས་པ་རྩ་བར་བཟུང་སྟེ། བརྡ་སྤྲོད་ཀྱི་གཞུང་གཞན་ནང་དེ་ཙམ་གསལ་ཁ་མེད་ཅིང་། དངོས་ཡོད་ལག་ལེན་ནང་གནད་འགག་ཆགས་པའི་དཀའ་གནད་མང་པོའི་ཐད། བོད་རང་གི་སྐད་ཀྱི་འགྲོ་སྟངས་དང་། རྒྱལ་སྤྱིའི་སྒྲ་རིག་པའི་སྤྱི་འགྲོས་གཞི་བཟུང་ཟབ་འཁྲིད་གནད་སྨིན་གནང་ཞིང་། ཉིན་ལྔའི་ཟབ་ཁྲིད་དང་བགྲོ་གླེང་གི་ལས་རིམ་ཡོངས་རྫོགས་པར་ལེན་དང་སྒྲ་འཇུག་ཀྱང་བྱས་ཡོད་པ་རེད།
    ཚེས་ ༡༥ ཉིན་གུང་རྗེས། ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོ་ཚུགས་ཤིང་། མཛད་སྒོའི་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཕེབས་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འཕེལ་རྒྱས་དང་གདོང་ལེན་བྱེད་དགོས་པའི་གནད་དོན་ཁག་ཙམ་མ་ཟད། སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་ཐད་ཤེས་རིག་ལས་ཁུངས་ཀྱི་དགོངས་ཚུལ་ཇི་ཡོད་གསུངས་ཡོད་པ་རེད།
    ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཆ་ཚང་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་ནར་གཏོང་གནང་བ་དང། ཟབ་སྦྱོང་ཚར་རྗེས་ཟབ་སྦྱོང་ནང་འཛུལ་ཞུགས་བྱེད་མཁན་ཚོས་བཀང་པའི་བསམ་འཆར་འགེངས་ཤོག་ལྟར་ན། ད་རེས་ཀྱི་ཟབ་སྦྱོང་དེའི་ཕན་ནུས་རྩེ་ཕུད་བྱུང་ཞེས་ཚང་མས་གཅིག་མཐུན་དུ་བཀོད་ཡོད་པ་རེད།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནང་རིག་གཞུང་འགྲན་བསྡུར་གནང་བ།
ཕྱི་མ།
རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་གྲ་སྒྲིག་ཞུ་བཞིན་པ།