༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་གནས་སྟངས་རྟོག་ཞིབ་དང་གཟིགས་སྐོར་གནང་སྟེ་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༠ ཉིན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༡ ནས་གཟིགས་སྐོར་དབུ་འཛུགས་ཀྱིས་ཧོན་སུར་རབ་རྒྱས་གླིང་དང་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭའི་གནས་བབ་རྟོག་ཞིབ་གནང་རྗེས་ཕྱི་ཚེས་ ༡༤ ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་བདེ་སྐྱིད་སླར་གསོ་དང་ལུགས་བསམ་ས་གནས་འགོ་འཛིན་གྱིས་ཕེབས་བསུ་ཞུས་ཐོག་སྦེལ་ཀོབ་ནང་ཡོད་པའི་སམ་བྷོ་ཊ་དང་། བོད་ཁྱིམ་སློབ་གྲྭ་ཁག་ཏུ་ཕེབས་ཏེ་གནས་སྟངས་རྟོག་ཞིབ་གནང་ཡོད། སྐབས་དེར་ཁོང་གིས་སློབ་གྲྭ་སོ་སོའི་དགེ་རྒན་དང་། སློབ་ཕྲུག ཕ་མ་རྣམས་དང་མཇལ་མོལ་གྱིས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཁག་ངོ་སྤྲོད་གནང་ཡོད།
སྦེལ་ཀོབ་ནང་གི་གཟིགས་སྐོར་གྲུབ་མཚམས་ཕྱི་ཚེས་ ༡༧ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་ས་གནས་ཀྱི་བོད་སློབ་ཁག་གི་གནས་སྟངས་རྒྱུས་ལོན་རྟོག་ཞིབ་གནང་ཡོད་པ་རེད། སྐབས་དེར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བོད་མིའི་ཤེས་ཡོན་སྲིད་བྱུས་ནང་གསལ་ལྟར་དམའ་རིམ་སློབ་གྲྭ་ནས་བཟུང་སློབ་མའི་ཤེས་ཡོན་གྱི་གཞི་རྟེན་བརྟན་པོ་བཙུགས་དགོས་པའི་གལ་གནད་དང་། ལེགས་ཉེས་དབྱེ་བ་འབྱེད་ནུས་པའི་རྟོག་དཔྱོད་ཀྱི་ནུས་པ་དགོས་གལ་ཆེ་བའི་སྐོར་གསུངས།
གཞན་ཡང་ཁོང་གིས་སློབ་ཕྲུག་རྣམས་ནས་གནས་སྐབས་ཀྱི་བདེ་བ་ཙམ་ལ་མ་ཆགས་པར་འབྱུང་འགྱུར་ཕུགས་འདུན་ཆེད་ཤེས་རིག་ལ་འབད་འབུངས་ལྷག་སྐྱེད་དགོས་པའི་རེ་སྐུལ་དང་སྦྲགས། ཤེས་རིག་ལས་ཁུངས་ནས་གནང་བཞིན་པའི་སློབ་ཡོན་ལས་གཞི་ཁག་ངོ་སྤྲོད་གནང་ཡོད་པ་རེད།
ཕ་མ་རྣམས་དང་ཐུག་འཕྲད་སྐབས་ཁོང་གིས་ཕྲུ་གུའི་གསོ་སྐྱོང་དང་འཚར་ལོངས་ཆེད་ཕ་མར་འོས་འགན་ཆེན་པོ་ཡོད་པ་ལྟར་འགན་ཁུར་དགོས་པའི་ལམ་སྟོན་གནང་བའི་ཐོག སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དགེ་རྒན་ཆེད་ལས་ནི་ཁྱད་དུ་འཕགས་པའི་ཆེད་ལས་ཞིག་ཏུ་ངོས་འཛིན་གྱིས་དགེ་རྒན་བཟང་པོ་བྱེད་དགོས་པ་དང་། ཤེས་རིག་ལས་ཁུངས་ནས་དགེ་རྒན་ཆེད་ལས་ཡར་རྒྱས་ཆེད་དུས་ཐུང་དྲྭ་ཐོག་ཟབ་སྦྱོང་རིགས་གནང་བཞིན་པར་མཉམ་ཞུགས་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་གནས་སྟངས་རྟོག་ཞིབ་གཟིགས་སྐོར་གྱི་མཐའ་མཇུག་ཏུ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ས་གནས་ཀྱི་དགོན་སྡེ་ཁག་དང་། སློབ་གྲྭའི་སློབ་སྤྱི། བརྒྱ་འཐུས་ལྷན་དུ་ཚོགས་འདུ་བསྐོང་ཚོགས་ཀྱིས་སློབ་གྲྭ་དང་འབྲེལ་བའི་བདེ་དོན་ཞུ་སྒོ་ཁག་ལ་གསན་བཞེས་གནང་ཡོད་པ་བཅས།།