ཟླ་རེའི་གསར་འགྱུར།

བྱང་ཤར་ཁུལ་དང་ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འགོ་འཛུགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ལམ་སྟོན་འོག་བྱང་ཤར་ཁུལ་དང་ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དེ་བཞིན་ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༢ ཉིན་སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་བཅས་ས་གནས་སོ་སོར་འགོ་འཛུགས་གནང་ཡོད།

བྱང་ཤར་ཁུལ་གྱི་འདུ་འཛོམས།

བྱང་ཤར་ཁུལ་གྱི་འདུ་འཛོམས་དེ་བཞིན་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་ཀྱི་མཛོད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་མཆོག་དང་། སྐུ་མགྲོན་དུ་ཀ་སྦུག་ས་གནས་འགོ་འཛིན་དང་། རྡོར་གླིང་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི། ས་གནས་ཀྱི་སྐུ་མགྲོན་གཞན། འདུ་འཛོམས་སུ་མཉམ་ཞུགས་གནང་མཁན་སློབ་ཕྲུག ཚོགས་ཡུལ་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་བཅས་ཚང་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་མཆོག་ནས་མཆོད་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་ཚོགས་ཡུལ་སློབ་གྲྭའི་སློབ་སྤྱི་ཚེ་རིང་མཚོ་མོ་ལགས་ནས་ཕེབས་བསུའི་འཚམས་འདྲི་དང་སྦྲགས་སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་ཞུས།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་མཆོག་ནས་འཚམས་འདྲི་དང་སྦྲགས་འདུ་འཛོམས་ཀྱི་དགོས་དམིགས་སྐོར་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དེ་སྔ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྐབས་ལ་བྱང་ཁུལ་དང་། ཤར་ཁུལ། ལྷོ་ཁུལ་བཅས་སློབ་གྲྭ་ནང་ཁུལ་གྱི་རིག་གཞུང་འདུ་འཛོམས་དང་། གཞས་སྣ་འཁྲབ་སྟོན། རྩེད་མོའི་ལས་རིམ་སོགས་གོ་སྒྲིག་གནང་སྲོལ་ཡོད་པ་དེ་བསྐྱར་གསོ་གནང་དགོས་པ་གལ་ཆེར་གཟིགས་ནས་འདས་པའི་ལོ་གཅིག་ལྷག་རིང་བསམ་ཞིབ་དང་གྲོས་བསྡུར་ཞུས་པ། དེ་བཞིན་དཔལ་འབྱོར་གྱི་རོགས་སྐྱོར་ཞུས་ཏེ་འདུ་འཛོམས་འདི་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད། དེ་སྔའི་འདུ་འཛོམས་སྐབས་ཀྱི་བསམ་བློ་འཁྱེར་གསོ་དང་སྲིད་བྱུས་འཛིན་སྟངས་དང་མི་འདྲ་བ། ད་ལན་འདུ་འཛོམས་ཀྱི་ལས་རིམ་སྤེལ་བའི་སྐབས་སུ་སློབ་གྲྭ་ཡོངས་ལ་ལམ་སྟོན་ཕུལ་བའི་ནང་། སློབ་ཕྲུག་དང་དགེ་རྒན། ལས་བྱེད་བཅས་ཚང་མས་དགོངས་པ་བཞེས་དགོས་པ་ནི་འགྲན་བསྡུར་གྱི་རྣམ་པ་མེད་པའི་ཐོག་ནས་དང་། མཐུན་འབྲེལ་གྱི་རྣམ་པ་ཐོག་ནས་འདུ་འཛོམས་སུ་མཉམ་ཞུགས་གནང་དགོས་པ་གསལ་པོ་ཞུས་ཡོད། ང་ཚོས་འགྲན་སེམས་བཅངས་ནས་ཆ་ཤས་བླངས་པ་ཡིན་ན་སོ་སོའི་རྒྱུད་ལ་ཡོད་པའི་དོན་དམ་གྱི་རྩལ་དང་ནུས་པ་བཏོན་པའི་ཚབ་ཏུ་ཕ་རོལ་བ་དེ་ཕམ་པ་བཅུག་རྒྱུ་དང་། རང་ཉིད་རྒྱལ་བ་བྱེད་ཀྱི་ཡོད་ཅེས་གསུངས།

དེ་བཞིན་ཁོང་གིས་རྒྱ་གར་ནང་འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་པའི་ས་མིག་ཐོབ་པའི་ཆེད་དུ་རྒྱ་གར་སློབ་ཕྲུག་མང་དག་ཅིག་རྒྱལ་ཡོངས་སྨན་པའི་ཡིག་རྒྱུགས་ཚགས་ཚུད་ངང་ཐོན་གྱི་ཡོད་ནའང་། སློབ་ཕྲུག་མི་ཉུང་བ་ཞིག་གིས་རང་སྲོག་གཅོད་པའི་གནས་ཚུལ་བྱུང་གི་ཡོད། དེ་ནི་སློབ་ཕྲུག་ནང་ཁུལ་ལ་འགྲན་བསྡུར་དང་། འགྲན་སེམས། མཐུན་འབྲེལ་མེད་པའི་དཀའ་ངལ་བཅས་ལ་བརྟེན་ནས་ཡོང་གི་ཡོད། དེ་ཙམ་མ་ཡིན་པར་ཤུགས་མ་ཐུབ་ཀྱིས་སློབ་ཕྲུག་གི་སེམས་ཁམས་མི་བདེ་བ། གནོན་ཤུགས། སེམས་སྡུག་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར། ཕན་ཚུན་མཐུན་འབྲེལ་གྱི་ཐོག་ནས་རང་ཉིད་ཀྱི་རྩལ་དང་ནུས་པ་ཡག་ཤོས་བཏོན་དགོས་པ་ལས་ཕར་ཕྱོགས་དེ་ཕམ་བཅུག་རྒྱུ་ཁོ་ནར་འཛིན་ཏེ་གནང་རྒྱུ་མེད་པ་དེ་དམིགས་ཡུལ་གཙོ་བོ་འཛིན་པ་རེད་ཅེས་གསུངས།

གཞན་ཡང་ཁོང་གིས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་གསུང་བཤད་གནང་དོན། སློབ་ཕྲུག་ཚོ་སློབ་གྲྭ་དང་འཛིན་གྲྭའི་ཁོར་ཡུག་ནང་བཞུགས་ཏེ་སློབ་སྦྱོང་བྱེད་པ་གཅིག་པུས་འགྲིག་གི་མེད་པ་དང་། སློབ་ཕྲུག་ཚོས་དོན་དམ་གྱི་ཤེས་ཡོན་སློབ་སྦྱོང་བྱེད་པར་སློབ་གྲྭའི་ཁོར་ཡུག་གི་ཕྱི་ལ་ཕེབས་ནས་གཟིགས་ཞིབ་གནང་དགོས་པ་གལ་ཆེ་ཡིན་པ། དེས་ཐོས་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་བ། ཤེས་བྱ་ཡོན་ཏན་གསར་པ་ཤེས་པ། སློབ་ཕྲུག་ནང་ཕན་ཚུན་འབྲེལ་ལམ་བྱེད་པ་སོགས་ཀྱིས་བློ་བསྐྱེད་གསར་པ་བླངས་ཐུབ་པ། དེ་བཞིན་སློབ་གྲྭ་ཕན་ཚུན་གྱི་བྱེད་སྒོ་རྣམ་གཞག་མཁྱེན་ཐུབ་པ། སོ་སོའི་ས་གནས་ལ་ཕྱིར་ལོག་རྗེས་ལེགས་ཆ་སྤེལ་ཐུབ་པ་སོགས་ཀྱི་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། དེ་བཞིན་སློབ་གྲྭའི་ནང་སློབ་སྦྱོང་གི་བརྒྱ་ཆ་ཁོ་ནའི་འགྲིག་གི་མེད་པས། འདུ་འཛོམས་འདི་ལྟ་བུ་དང་སློབ་གྲྭའི་ནང་ཟུར་སྦྱོང་རིག་གནས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་གནང་དགོས་པ་གལ་ཆེ་ཡིན་པ་དང་། སློབ་གྲྭའི་ནང་བཞུགས་པའི་དུས་ཡུན་རིང་བགྲོ་གླེང་དང་། གཏམ་བཤད། གཞས་སྣ་འཁྲབ་སྟོན། འགན་འཁུར་སྣ་ཚོགས་བཞེས་དགོས་པ་གལ་ཆེ་ཡིན་པ། གལ་ཏེ་སློབ་ཕྲུག་ཚོ་དུས་རྒྱུན་དུ་འཛིན་གྲྭའི་ནང་དགེ་རྒན་གྱི་སློབ་ཁྲིད་ལ་ཡག་པོ་གསན་པ་དང་། རང་ཉིད་ཁྱིམ་ཚང་ལ་ལོག་ནས་བསྐྱར་སྦྱོང་ཡག་པོ་གནང་། དཔེ་དེབ་ལྟ་ཀློག་བྱེད། དགེ་རྒན་གྱིས་སློབ་ཁྲིད་གང་གནང་བ་དེར་སོ་སོའི་རྣམ་དཔྱོད་ཀྱིས་དཔྱད་པ་བྱས་ན་ཡིག་ཚད་ཀྱི་བརྒྱ་ཆ་དེ་ཞོར་དུ་ཐོན་གྱི་ཡོད་པ། སློབ་ཕྲུག་ཚོར་གསར་གཏོད་དང་དཔྱད་ཞིབ་ཀྱི་བསམ་བློ། ཆུང་དུས་ནས་ཉམས་ཞིབ་ཀྱི་བསམ་བློ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་གསུངས།

ཡང་ཁོང་གིས་སློབ་ཕྲུག་ཚོར་སློབ་སྦྱོང་དང་མཉམ་དུ་དུས་དང་རྣམ་པ་ཀུན་ཏུ་བཟང་སྤྱོད་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་དོན། སློབ་ཕྲུག་རྣམས་མ་འོངས་པར་སློབ་སྦྱོང་ཚད་མཐོ་པོ་ཐོན། གོ་གནས་མཐོ་པོ་ཐོབ་པ་ཡིན་ནའང་། མིའི་གཤིས་རྒྱུད་བཟང་པོ་ཞིག་མེད་པ་དང་། གཞན་ལ་ཕན་ཐོགས་བྱེད་པའི་བསམ་པ་ཞིག་མེད་པ། བཟང་སྤྱོད་བཅས་མེད་པ་ཡིན་ན། ཤེས་ཚད་དང་ལག་འཁྱེར་ཇི་ཙམ་ཡོད་ནའང་རང་ཉིད་ཀྱི་སྤྱི་ཚོགས་དང་མི་རིགས་ལ་ཞབས་ཕྱི་ཞུ་ཐུབ་ཀྱི་མ་རེད། དུས་རྒྱུན་དུ་ཤེས་ཡོན་དང་། བྱེད་སྒོ་རྣམ་གཞག་མཉམ་དུ་མི་བཟང་པོ་ཞིག་ཆགས་ཐུབ་པ་དང་ཡ་རབས་བཟང་སྤྱོད་བསྟེན་དགོས་པ་གལ་ཆེན་པོ་རེད། མཐར་ཁོང་གིས་མི་རབས་རྒན་པ་རྣམས་དང་། དགེ་རྒན། ཕ་མ་བཅས་ལ་སོ་སོའི་ཕྲུ་གུ་ཚོར་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཁབ་ཀྱི་ཞེན་ཁོག་བཅས་ངེས་པར་དུ་བསྐྲུན་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ཕྲུ་གུ་སོ་སོའི་ངོས་ནས་ཀྱང་ང་བོད་པ་ཞིག་ཡིན། ང་ལ་མི་རིགས་ཀྱི་འགན་ཞིག་ཡོད། ང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཞིག་ཡིན། རྗེས་མ་ང་སློབ་གྲྭ་ཐོན་རྗེས་རྒྱལ་ཁབ་ཀྱི་ཞབས་ཕྱི་ཞུ་ཡི་ཡིན་ཞེས་ཚང་མས་སེམས་ནང་བཅངས་དགོས་པ་དང་། དེང་སང་སློབ་ཕྲུག་མང་པོ་ཞིག་སློབ་གྲྭ་དང་མཐོ་སློབ་ཐོན་རྗེས་རང་མགོ་རང་ཐོན་བྱས་ཏེ་ཐོན་འགྲོ་བ་མང་པོ་ཞིག་ཆགས་ཀྱི་འདུག དེ་ལྟར་གནང་བ་ཡིན་ན་མ་འོངས་པར་མི་རིགས་ཀྱི་འཐབ་རྩོད་ཀྱི་འགན་དེ་སུས་འཁྱེར་གྱི་རེད། མི་རབས་རྒན་པ་ཚོས་ཆུང་དུས་ང་ཚོར་བོད་མིའི་སྒྲིག་འཛུགས་དང་རྒྱལ་ཁབ། ༸རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་ཞུ་དགོས་པའི་ལམ་སྟོན་གནང་མྱོང་ཡོད། བྱས་ཙང་ཁྱེད་ཚོས་ཡང་དེ་རང་བསམ་བློར་བཅངས་ནས་གནང་དགོས་པ་གལ་ཆེ་ཡིན། ང་ཚོ་ཚང་མས་བཀའ་དྲིན་གསུམ་སྟེ། ༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན། སོ་སོའི་ཕ་མའི་བཀའ་དྲིན་བཅས་ནམ་ཡང་བརྗེད་རྒྱུ་མེད་བཅས་གསུངས། མཐར་སློབ་དགེ་མིག་དམར་དོན་གྲུབ་ལགས་ནས་ཐུགས་རྗེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་།།

 ལྷོ་ཁུལ་གྱི་འདུ་འཛོམས།

ལྷོ་ཁུལ་གྱི་འདུ་འཛོམས་དེ་བཞིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་ཀྱི་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། སྐུ་མགྲོན་དུ་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་བཅས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་དང་། ཁེ་ན་ཌ་རོགས་ཚོགས་དང་འབྲེལ་བའི་རྒྱལ་སྤྱིའི་ཨ་ལི་ནི་ཡ་ཚོགས་པའི་ཤེས་ཡོན་ལས་འཆར་འབྲེལ་མཐུད་པ་འབུམ་རམས་པ་སྐལ་བཟང་དབང་འདུ་ལགས། སེ་ར་བྱེས་སྨད་གཉིས་ཀྱི་སློབ་གྲྭ་དང་། སྦེལ་ཀོབ་བོད་ཁྱིམ། བདེ་སླར་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ། ཧོན་སུར་སཾ་བྷོ་ཊ་ཉིན་སློབ་སོགས་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ། འདུ་འཛོམས་སུ་མཉམ་ཞུགས་གནང་མཁན་སློབ་ཕྲུག ཚོགས་ཡུལ་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་བཅས་ཚང་འཛོམས་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས་མཆོད་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ་མཚམས་ཚོགས་ཡུལ་སློབ་གྲྭའི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས་ཀྱིས་སྐུ་མགྲོན་དང་འདུ་འཛོསམས་སུ་མཉམ་ཞུགས་པ་ཡོངས་ལ་འཚམས་འདྲི་དང་སྦྲགས་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་སྐོར་ལ་ངོ་སྤྲོད་དང་། སློབ་གྲྭའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་བའི་ཁོངས་སུ་ཕྱི་ལོ་ ༢༠༡༨ ལོར་སཾ་བྷོ་ཊ་བོད་སློབ་ཚོགས་པས་སློབ་གྲྭ་རྩིས་ལེན་གནང་རྗེས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་འབད་བརྩོན་ལྷོད་མེད་གནང་འབྲས་སུ་ཤེས་ཡོན་གྱི་སྤུས་ཚད་དང་སློབ་ཕྲུག་གི་ཀུན་སྤྱོད་ཡར་རྒྱས་ཕྱིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་།

དེ་རྗེས་སྐུ་མགྲོན་གཙོ་བོ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་བར་ང་ཚོའི་སློབ་གྲྭ་ཁག་གི་ནང་རིག་གཞུང་དང་རྩེད་མོ་སོགས་འགྲན་བསྡུར་གྱི་རྣམ་པ་ཐོག་ནས་འགྲོ་བསྡད་ཡོད་ནའང་། ད་རེ་འདུ་འཛོམས་ཀྱི་རྣམ་པ་ཡིན་པ་ལས་འགྲན་བསྡུར་གྱི་རྣམ་པ་མ་ཡིན་པ་དེ་ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་མཐུན་པའི་ཐོག་ནས་དམིགས་ཡུལ་ཆེན་པོ་ཞིག་བཟུང་ནས་འདུ་འཛོམས་འདི་གོ་སྒྲིག་ཞུ་ཡི་ཡོད། སློབ་གྲྭ་ཕན་ཚུན་དབར་དང་སློབ་ཕྲུག་ཕན་ཚུན་དབར་ལ་འགྲན་བསྡུར་མེད་པ་དང་རང་རྒྱལ་གཞན་ཕམ་གྱི་ལྟ་གྲུབ་མེད་པའི་ཐོག་ནས་འདུ་འཛོམས་སུ་མཉམ་ཞུགས་གནང་དགོས་པ་གལ་ཆེ་ཡིན། མཉམ་ཞུགས་སློབ་ཕྲུག་རྣམས་ནས་འདུ་འཛོམས་སུ་སློབ་གྲྭ་སུས་རྩོམ་རིག་དང་རིག་གཞུང་འཁྲབ་སྟོན་ནང་ཆ་ཤས་ཇི་ལྟར་བླངས་གི་ཡོད་པ་དང་། སློབ་གྲྭ་ཕན་ཚུན་དབར་ལ་ལེགས་པ་ཆ་གང་བླངས་དགོས་པ། སློབ་གྲྭ་སོ་སོའི་ངོས་ནས་ཡར་རྒྱས་གང་གཏོང་དགོས་པ་བཅས་ཤེས་རྟོགས་དགོས། དེ་བཞིན་སློབ་ཕྲུག་རྣམས་ནས་ཀྱང་ཕན་ཚུན་མིག་དཔེ་ལྟ་རེས་བྱེད་པ་དང་། ལེགས་ཆ་བླངས་རེས་བྱེད་པ་དེ་འདུ་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་རེད།

གཞན་ཡང་ཁོང་གིས་སློབ་ཕྲུག་རྣམས་ལ། ནམ་རྒྱུན་སློབ་སྦྱོང་བྱེད་པའི་རྒྱུད་རིམ་ནང་ལའང་གཞན་དང་འགྲན་བསྡུར་བྱེད་པ་ལས་སོ་སོ་སོ་སོར་འགྲན་བསྡུར་བྱེད་དགོས་པ་དེ་གལ་ཆེ་ཡིན་པ་དང་། དེ་རིང་ངའི་ཤེས་བྱ་ཡོན་ཏན་དེ་ཙམ་རེད་འདུག སང་ཉིན་ངས་འདི་ལས་ལྷག་པ་དང་། གནངས་ཉིན་ངས་འདི་ལས་ལྷག་པ་བྱེད་ཀྱི་ཡིན། སོ་སོ་སོ་སོར་འགྲན་བསྡུར་བྱུས་ནས་ཉིན་རེ་ཉིན་རེར་ཡར་རྒྱས་གཏོང་དགོས་པ་གལ་ཆེ་ཡིན་སྐོར་ལམ་སྟོན་གསུང་བཤད་གནང་རྗེས་ལྷོ་ཁུལ་འདུ་འཛོམས་ཀྱི་དབུ་འབྱེད་གསལ་བསྒྲགས་གནང་། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་འབུལ་ཏེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།

ས་ཁུལ་ཁག་གཉིས་སུ་ཉིན་དང་པོར་བོད་སྐད་དང་ཨིན་སྐད་བགྲོ་གླེང་དང་། བོད་ཡིག་དང་ཨིན་ཡིག་ཐོག་སྙན་ཚིག་གྱེར་འདོན་བཅས་ཀྱི་ལས་རིམ་ལེགས་གྲུབ་ཟིན་པ་དང་། ཉིན་གཉིས་པ་ཚེས་ ༡༣ ཉིན་སྔ་དྲོ་བོད་སྐད་གཏམ་བརྗོད་དང་། ཉིན་རྒྱབ་ཏུ་སྲོལ་རྒྱུན་བོད་ཀྱི་ཟུང་གཞས་དང་འཁྲབ་གཞས། མཇུག་བསྡོམས་མཛད་སྒོ་བཅས་ཀྱི་ལས་རིམ་འཇོག་ཡོད།

ཕྱི་ལོ་ ༢༠༢༣ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དེ་བཞིན་ས་ཁུལ་ཁག་བཞི་རུ་ཆ་བགོས་ཞུས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༦ དང་ ༧ བཅས་ལ་དྷ་ས་ཁུལ་གྱི་སློབ་གྲྭ་ ༨ ནས་སློབ་ཕྲུག་ ༡༩༧ གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་། སྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ ༧ ནས་སློབ་ཕྲུག་ ༡༤༢ མ་སུ་རི་བོད་ཁྱིམ་སློབ་གྲྭ། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༢ དང་ ༡༣ བཅས་ལ་བྱང་ཤར་ཁུལ་གྱི་སློབ་གྲྭ་ ༦ ནས་སློབ་ཕྲུག་ ༡༣༢ ཀ་སྦུག་སཾ་བྷོ་ཊ་གཏན་སློབ་དང་། ལྷོ་ཁུལ་སློབ་གྲྭ་ ༦ ནས་སློབ་ཕྲུག་ ༡༣༤ སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་བཅས་ལ་འདུ་འཛོམས་གནང་ཡོད་ཅིང་། འདུ་འཛོམས་ཀྱི་ལས་རིམ་འདི་ཐོག་ཁྱོན་བསྡོམས་སློབ་གྲྭ་ ༢༧ དང་སློབ་ཕྲུག་ ༦༠༥ ཙམ་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

འདུ་འཛོམས་འདིའི་འགྲོ་གྲོན་ཡོངས་རྫོགས་ཁེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་ཁག་ལྔ་དཔར་འགྲེམས་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༤ ལོའི་ UWC སློབ་ཡོན་དུས་བཀག་ཕར་འགྱང་གསལ་བསྒྲགས།