ཟླ་རེའི་གསར་འགྱུར།

བྱིས་པའི་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།

༄༅། །ཕྱི་ལོ་ ༡༩༦༤ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་སྲིད་བློན་དམ་པ་པཎྜིཏ་ཇ་ཝཱ་ ཧར་ ལཱལ་ ནེཧ་རཱུ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། ཁོང་གིས་རྒྱ་གར་གྱི་ཤེས་ཡོན་སྤྱི་དང་ལྷག་པར་དུ་ཕྲུ་གུའི་ཤེས་ཡོན་ཐོག་རླབས་ཆེན་གྱི་མཛད་རྗེས་བཞག་གནང་བར་ངོས་འཛིན་གྱིས་བྱིས་པའི་ཉིན་མོ་ཞེས་རྒྱ་གར་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་མུས་ཡིན་པ་ལྟར། བོད་པའི་སློབ་གྲྭ་ཁག་གི་ནང་དུའང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པས། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སློབ་ཕྲུག་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། བྱིས་པའི་ཉིན་མོ་ཧ་ཅང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཁྱེད་རྣམ་པ་༸གོང་ས་མཆོག་གི་བཀའ་དྲིན་དྲན་མཁན་ཤེས་ཡོན་ལྡན་པའི་བོད་མི་ཚད་ལྡན་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།

སྔ་ལོའི་བྱིས་པའི་ཉིན་མོའི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་གཙང་སྦྲ་འཕྲོད་བསྟེན་གལ་འགངས་ཆེ་ཚུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ཇི་ལྟར་བསྐྱངས་ཚུལ། བོད་མི་རྒན་རབས་ཚོས་སྐུ་ལས་ཇི་ལྟར་བསྐྱོན་ཡོད་སྐོར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་གི་གལ་གནད་སོགས་ཀྱི་སྐོར་ཞུས་ཡོད་པས། སློབ་ཕྲུག་ཚོས་གང་ཞུས་པ་དེ་དག་སེམས་ལ་བཅངས་ཏེ་ཕྱག་བསྟར་གནང་མུས་ཡིན་པའི་རེ་བ་ཡོད།

དེ་རིང་གི་གཏམ་བཤད་ནང་ཞུ་འདོད་པ་གཙོ་བོ་དོན་ཚན་གསུམ་ཡོད་པ་སྟེ། དང་པོ་བོད་ཀྱི་སྐད་ཡིག་ཐོག་ཡང་བསྐྱར་ཞུ་འདོད་བྱུང༌། བཙན་བྱོལ་དུ་ཡོད་པའི་ཕྲུ་གུ་ཚོས་སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་ལོ་གྲངས་བཅོ་ལྔའི་རིང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་རྒྱུའི་ཐོབ་ཐང་དང་རང་དབང་། གོ་སྐབས་བཟང་པོ་ལས་སླ་པོའི་ངང་འཐོབ་ཀྱི་ཡོད་པ་ནི། བོད་ནང་གི་བོད་ཕྲུག་ཚོར་རྩ་བ་ནས་འཐོབ་ཐབས་མེད་པ་ཞིག་ཡིན་སྟབས། སྤྱིར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དང་། ཡང་སྒོས་སོ་སོ་རང་ཉིད་ཀྱི་ཆེད་དུ་ཡིན་བསམས་ནས་བོད་ཀྱི་སྐད་ཡིག་ལ་ཧུར་བརྩོན་ངེས་པར་དུ་གནང་རོགས་ཞུ་རྒྱུ་ཡིན། འཛིན་རིམ་བཅུ་གཉིས་ཐོན་རྗེས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་སྦྱོང་མུ་མཐུད་གནང་ཚེ་དེ་བས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ལྟར་གནང་བས་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་བར་ཐེ་ཚོམ་མེད། འོན་ཀྱང་དེ་ལྟར་གནང་མ་ཐུབ་ཀྱང་ལོ་གྲངས་བཅོ་ལྔའི་རིང་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་གནང་རོགས་ཞུ་རྒྱུ་ཡིན།

གཉིས་པ་དེ་སློབ་ཕྲུག་ཚོས་ཡིག་རྒྱུགས་དང་བརྒྱ་ཆ་གཅིག་པུའི་ཆེད་དུ་མིན་པར་སློབ་ཚན་སོགས་གང་སྦྱོང་གི་ཡོད་པ་དེ་དག་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་རྒྱུ་གལ་ཆེ་ཚུལ་སྐོར་ཡིན། སློབ་གྲྭའི་དུས་སྐབས་སུ་སློབ་ཚན་དང་བྱེད་སྒོ་གང་བྱས་ཀྱང་ལྷ་རབ་བྱུང་ན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་རྒྱུ་དང་། དེ་ལྟར་མ་བྱུང་ཡང་ཐོས་བསམ་ཡ་མ་བྲལ་བ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དགེ་རྒན་ལས་བྱེད་ནས་མར་གསུངས་པ་དང་། དཔེ་དེབ་བཀླགས་པ། གློག་བརྙན་བལྟས་པ་སོགས་གང་བྱས་ནས་ཐོབ་པ་དེ་དག་ཡོངས་རྫོགས་ཐོས་བྱུང་གི་ཤེས་རབ་ཡིན་པ་དང་། ཐོས་པའི་ཤེས་བྱ་དེ་དག་ཐོག་རིགས་ལམ་གྱི་སྒོ་ནས་དཔྱད་པ་བྱེད་རྒྱུ་དང་། དེ་ནས་ཐོས་བསམ་གྱི་ཤེས་བྱ་དེ་དག་ལ་ཡང་ཡང་བསམ་བློ་བཏང་ནས་ངེས་ཤེས་བརྙེད་པར་གནང་རྒྱུ་རེད། གཞི་ནས་ཤེས་བྱ་འདི་ཉིད་ཁྱེད་རྣམ་པའི་དྲན་པར་གསལ་ཞིང་གསལ་བ་གནས་ཐུབ།

དེར་བརྟེན་སློབ་ཕྲུག་ཚོས་གོང་གི་ཐོས་བསམ་སྒོམ་གསུམ་བརྒྱུད་རིམ་ཚང་བའི་ཐོག་སློབ་སྦྱོང་ལ་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་ཚོ་ཚང་མར་ཆེ་ཆུང་ལ་མ་ལྟོས་པར་ནུས་རྩལ་མི་འདྲ་བ་ཡོད་པ་སོ་སོས་ངོས་འཛིན་གནང་ཐུབ་པ་དགོས། ལས་དོན་གང་ཡིན་ཡང་བྱེད་ཐུབ་པའི་གདེང་ཚོད་དགོས་ལ་འབད་བརྩོན་ཡང་ངེས་པར་དུ་གནང་དགོས། དེ་ལྟར་གནང་ཚེ་སོ་སོ་སྐྱིད་པོ་ཡོང་བ་མ་ཟད། ཕ་མ་སྤུན་མཆེད་རྣམས་ཀྱང་སྐྱིད་པོ་དང་སྤོབས་པ་སྐྱེ་རྒྱུ་དང་། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་དགོངས་ཀྱང་འགྲུབ་ཐུབ་ལ། སྤྱི་ཚོགས་ལའང་ཕན་ཐོགས་བྱེད་ཐུབ་མཁན་ཆགས་པ་བཅས་སོ་སོའི་མི་ཚེ་སྐྱིད་པོ་ཡོང་རྒྱུ་ངེས་པ་རེད། དེ་འདྲ་སོང་ཙང་སློབ་གྲྭའི་དུས་སྐབས་སུ་དུས་ཚོད་འཕྲོ་བརླག་རྩ་བ་ནས་མ་བཏང་བར་སློབ་སྦྱོང་ཚད་ལྡན་དང་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཆགས་པར་ནུས་པ་གང་ཡོད་སྤུང་རོགས་ཞུ་རྒྱུ་ཡིན།

དེ་ནས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲོགས་རྣམས་ལ་བྱམས་སྐྱོང་དགོས་པའི་སྐོར་ཞུ་འདོད་བྱུང་། དེང་གི་དུས་སུ་ང་ཚོའི་སློབ་གྲྭའི་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཇེ་མང་དུ་འགྲོ་ཡི་ཡོད་པ་མཁྱེན་གསལ་རེད། དེ་ནི་ང་ཚོ་ཚང་མར་བློ་འཚབ་ཧ་ཅང་ཆེ་བའི་གནད་དོན་ཞིག་རེད། འདི་ལས་ནས་མཐུན་འགྱུར་གང་ཐུབ་ཞུས་དང་ཞུ་མུས་ཡིན། འོན་ཀྱང་ཁོང་ཚོར་ཕྱིའི་མཐུན་རྐྱེན་ལས་ནང་བསམ་བློའི་ཐོག་ནས་བྱམས་སྙིང་རྗེའི་དགོས་མཁོ་ཆེ་བ་ཡོད། ཁོང་ཚོ་ཡང་ང་ཚོ་ནང་བཞིན་བརྩེ་བ་དང་སྐྱིད་པོ་དགོས་པ་དང་འཇིགས་སྣང་དང་སྐྱོ་སྣང་མི་དགོས་པ་གཅིག་མཚུངས་རེད། ཁོང་ཚོ་ཡང་ང་ཚོ་ནང་བཞིན་བྱམས་པོ་དང་རོགས་པ་བྱེད་མཁན་ལ་དགའ་པོ་དང༌། མིང་འདོགས་འདོགས་མཁན་དང་ཐུབ་ཚོད་གཏོང་མཁན་ལ་དགའ་པོ་མེད། ཁོང་ཚོ་ཡང་ང་ཚོ་ནང་བཞིན་གྲོགས་པོ་གྲོགས་མོ་མང་པོ་ཡོད་ན་དགའ་པོ་དང་། གྲོགས་མེད་ཁེར་རྐྱང་གཅིག་པུར་ལྷག་ན་དགའ་པོ་མེད། དེ་འདྲ་སོང་ཙང་། ཁོང་ཚོ་སོ་སོ་རང་ཉིད་དམ། སོ་སོའི་གཅེན་གཅུང་གི་ངོ་བོར་གཟིགས་ནས་བྱམས་སྐྱོང་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་སོ་སོའི་གནས་སྟངས་སམ། སོ་སོའི་གཅེན་གཅུང་གི་གནས་སྟངས་འདི་ལྟ་བུ་ཡོད་ཚེ་ཁྱེད་ཀྱིས་གང་འདྲ་གནང་བ་འདུག སོ་སོའམ་ཁྱེད་ཀྱི་གཅེན་གཅུང་ལ་གཞན་གྱིས་ཇི་ལྟར་བྱེད་ན་བསམ་པའི་རེ་བ་འདུག དེ་དེ་བཞིན་ཁྱེད་ཀྱིས་ཁོང་ཚོར་གནང་དགོས་ངེས་རེད། དེས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲོགས་ཚོར་ཐད་ཀར་ཕན་ཐོགས་ཆེན་པོ་ཡོང་བ་མ་ཟད། ཕུགས་རྒྱང་རིང་པོར་སོ་སོར་བྱམས་སྙིང་རྗེའི་བསམ་བློ་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་བར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེས་ཁྱེད་ཀྱི་ལུས་སེམས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོང་གི་རེད། བྱམས་སྙིང་རྗེ་ལྡན་པའི་མི་ཞིག་ཆགས་ན་མི་ཚེའི་སྙིང་པོའང་དེ་རེད་ལ། མི་ཚེ་དོན་དང་ལྡན་པ་ཡོང་ངེས་རེད། དེས་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ཡང་གྲུབ་པ་རེད་ལ། ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཀྱང་ལག་ལེན་དུ་འཁེལ་བ་རེད། རྒན་ལགས་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཉིན་རེ་བཞིན་མི་ཚེའི་ནང་ཕྱག་བསྟར་གནང་གི་ཡོད་པ་བཞིན། ཁྱེད་རྣམ་པས་ཀྱང་དེ་དེ་བཞིན་འབད་བརྩོན་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གསང་གསུམ་གྱིས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༤ ཉིན། །


སྔོན་མ།
ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་ལས་བྱེད་གསར་འདེམས་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་མེའོ་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དགུན་དུས་འགོ་ཁྲིད་ཟབ་སྦྱོང་གནང་བ།