ཟླ་རེའི་གསར་འགྱུར།

མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བ།

༄༅། །འདི་ག་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སློབ་གྲྭ་ཁག་གི་སློབ་སྤྱི་དང་ངེས་སྟོན་པ། རེག་ཊར། དགེ་ཆེ་བཅས་ཚོགས་བཅར་བ་ཁྱོན་མི་གྲངས་ ༣༠ ཙམ་ལ་མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཟབ་འཁྲིད་བ་ལྕམ་སན་ཇོ་ལི་ Sanjoli ལགས་དང་ཨེ་སི་ཨེཅ་ཅིམ་ནི་ SH Chimni ལགས། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཟབ་འཁྲིད་པ་ལྕམ་སེན་ཇོ་ལི་ལགས་ཀྱིས་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་མང་པོ་ཞིག་ང་ཚོ་ཐེངས་མང་པོ་མཇལ་འཕྲད་ཞུ་མྱོང་བ་ཤ་སྟག་རེད་འདུག དུས་རྒྱུན་ནས་ཐུགས་སྣང་དང་ཐུགས་འཁུར་ཆེ་བཞེས་གནང་མཁན་ཤ་སྟག་རེད་འདུག བསྐྱར་དུ་མཇལ་བར་དགའ་ཚོར་བྱུང་། དེ་རིང་གི་ཟབ་སྦྱོང་གི་བརྗོད་གཞི་འདི་ཉིད་ནམ་རྒྱུན་སློབ་གྲྭའི་ནང་ལག་བསྟར་བྱེད་དགོས་པ་གང་ཞིག་ལ་ཚང་མས་དོ་སྣང་གསར་པ་སྐྱེད་དགོས་རྒྱུའི་གནས་སྟངས་འགའ་ཤས་ཤིག་གི་ཐོག་ལ་འབྲེལ་བ་ཆགས་བཞིན་ཡོད། དེར་བརྟེན་དེ་ཚོའི་ཐོག་ལ་ཏོག་ཙམ་ཞུས་ན་བསམ་པ་དྲན་བྱུང་། སློབ་གྲྭ་ཙམ་མིན་པར་སྤྱི་ཚོགས་གང་དུ་ཡིན་ནའང་སྒྲིག་འཛུགས་དགོས་ཀྱི་ཡོད། སྤྱི་སྒེར་གང་དུ་ཡིན་ནའང་སྒྲིག་འཛུགས་ཡོད་ན་བདེ་འཇགས་ཡོང་གི་ཡོད། བདེ་འཇགས་ཡོད་ན་ཡར་རྒྱས་ཡོང་གི་ཡོད། སྒྲིག་འཛུགས་དང་བདེ་འཇགས་མེད་ན་ཡར་རྒྱས་འགྲོ་རྒྱུ་མེད། དེེར་བརྟེན་སློབ་གྲྭའི་ནང་ལ་སྒྲིག་འཛུགས་གཅུན་སྟངས་ཐོག་དེ་སྔ་དང་ད་ལྟའི་བར་ལ་འགྱུར་བ་གང་ཙམ་འགྲོ་བཞིན་འདུག
ཁྲིམས་ཀྱི་ཆ་ནས་འགྱུར་བ་འགྲོ་བཞིན་འདུག དེ་བཞིན་སློབ་གྲྭ་སོ་སོའི་སྒྲིག་གཞིའི་ཆ་ནས་འགྱུར་བ་འགྲོ་བཞིན་འདུག དངོས་ཡོད་ཀྱིས་ཕྲུ་གུའི་སེམས་ཁམས་ཐོག་ལ་བསམ་བློ་གཏོང་བ་ཡིན་ན་འགྱུར་བ་འགྲོ་བཞིན་འདུག ཁྲིམས་ཀྱི་ཐོག་ནས་ཆ་བཞག་ན་རྒྱ་གར་ནང་ལ་ཕྲུ་གུར་ཉེས་རྡུང་གཏོང་ཆོག་གི་མེད། དེ་བཞིན་སློབ་གྲྭ་སོ་སོའི་ནང་ལ་སྒྲིག་གཞིའི་ཐོག་ནས་ཀྱང་བྱེད་ཆོག་གི་མེད་པ་གསལ་པོ་རེད། སློབ་གྲྭ་ཁག་གཅིག་གི་ནང་ལ་ཉེས་རྡུང་གཏོང་བ་ཡིན་ན་དགེ་རྒན་གྱི་ནོར་འཁྲུལ་ལ་བརྩིས་ནས་དགེ་རྒན་གྱི་གླ་ཕོགས་གཅོག་རྒྱུ་ལ་སོགས་པའི་ཉེས་པ་བཀལ་བའི་རྐྱེན་གྱིས་དགེ་རྒན་ནང་ཁུལ་ཐུགས་ཕམ་ཡོང་རྒྱུ་སོགས་ཀྱི་གནས་ཚུང་མང་པོ་ཡོང་བཞིན་འདུག ཕྱོགས་གཅིག་ནས་ཁག་ཡོད་མ་རེད་བསམ་བཞིན་འདུག ཐག་གཅོད་གནང་མཁན་ལའང་ཁག་ཡོད་མ་རེད་བསམ་བཞིན་འདུག གང་ཡིན་ཞེ་ན། སྤྱི་ཡོངས་ཀྱི་བསམ་བློའི་ཐོག་ནས་ཞུས་པ་རེད། དེ་བཞིན་དགེ་རྒན་རྣམ་པ་ཚོ་ལའང་ཐུགས་ཁག་ཡོད་མ་རེད་བསམ་བཞིན་འདུག ང་ཚོས་ཕྲུ་གུ་ཚོ་ལ་ཉེས་རྡུང་གཏོང་རྒྱུ་འདི་ལྟ་གྲུབ་དང་བསམ་བློ་གཏོང་སྟངས་དེ་སྔ་རྒྱུན་སྲོལ་གྱི་ཐོག་ནས་ཡིན་ནའང་ཡུན་རིང་འཇགས་ཡོད་སྟབས། ལམ་སེང་འགྱུར་བ་གཏོང་ཐུབ་རྒྱུ་མེད། བར་ལམ་ཞིག་ནས་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་ཁྲིམས་རྩོད་པ་སོགས་མཉམ་དུ་སློབ་གྲྭ་ཁག་ནང་ཁྲིམས་ཀྱི་གནད་དོན་ཐོག་ལ་འགྲེལ་བཤད་རྒྱག་ཏུ་ཕེབས་པ་རེད། འོན་ཀྱང་གནས་སྟངས་འདྲ་མིན་ཐོག་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས། སྦྱོང་བརྡར་དང་ཐབས་ལམ་དགོས་ཀྱི་ཡོད། དཀའ་ངལ་ལ་གདོང་ལེན་བྱེད་སྟངས་འདི་ཚོར་བ་དང་མྱོང་ཚོར། དེ་བཞིན་གནས་སྟངས་ཤེས་པའི་ཐོག་ནས་བཀོད་བསྡོམས་བྱེད་དགོས་རེད། ཅེས་ཁོང་ཚོ་གཉིས་ཀྱིས་བསླབ་གནང་གི་རེད། དེ་ཧ་ཅང་གིས་གནད་འགག་ཆེན་པོ་རེེད།
འདི་སློབ་གྲྭ་གཅིག་པོར་མིན་པར་ནམ་རྒྱུན་ནས་བསམ་བློ་གཏོང་སྟངས་དང་རྒྱུ་རྐྱེན་གང་ཡིན་ནའང་། ཀུན་སློང་འདི་དང་པོ་ཆགས་བཞིན་འདུག ཁོང་ཁྲོ་དང་ཞེ་སྡང་། ངག་འཁྱལ་གང་ཡིན་ནའང་གནད་དོན་ཀྱི་ཐོག་མ་ནི་ཀུན་སློང་དང་སེམས་འཚོར་ཆགས་བཞིན་འདུག སེམས་ཚོར་འདི་བདག་པོ་རྒྱག་ཐུབ་རྒྱུ་ང་ཚོ་ནང་ཆོས་ཀྱི་མེད་དུ་མི་རུང་བ་ཞིག་ཆགས་བཞིན་འདུག གང་ལྟར་ང་ཚོས་དུས་ཚོད་དང་མཐུན་པའི་ཐོག་ཕྲུ་གུར་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ་འཚོལ་དགོས་ཀྱི་འདུག དེ་ལ་དཔགས་པའི་སོ་སོའི་སློབ་གྲྭའི་ནང་ལག་བསྟར་གནང་དགོས་རྒྱུའི་གནད་འགག་ཆགས་ཀྱི་འདུག
དེ་བཞིན་ཕྲུ་གུར་མཛའ་བརྩེ་དང་བྱམས་བརྩེའི་ཐོག་ནས་ལྟ་རྟོག་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་ཡོང་གི་ཡོད་རེད་བསམ་བཞིན་ཡོད། དེར་བརྟེན་ང་ཚོས་མདུན་བསྐྱོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་གྱིས་སློབ་གྲྭའི་ནང་སློབ་ཕྲུག་ཚོར་བརྩེ་གདུང་དང་བྱམས་སྐྱོང་། དེ་བཞིན་ཡིད་ཆེས་དང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་སྐབས་དེར་ཕྲུ་གུའི་ཤེས་ཡོན་འཕེལ་རྒྱས་ཡག་ཤོས་ཡོང་གི་རེད། ཅེས་བཤད་སྲོལ་ཡོད་པ་བཞིན་ངས་བདེན་པ་ཡིན་པའི་རྣམ་པ་ཞིག་མཐོང་གི་འདུག དགེ་རྒན་ཐུན་མོང་ལ་ཟབ་སྦྱོང་གི་གོ་སྐབས་ཕུལ་ཐུབ་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་དེ་རིང་འདིར་ཕེབས་པའི་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་རྒན་རྣམས་ནས་སློབ་གྲྭ་སོ་སོའི་དགེ་རྒན་གཞན་ལའང་འདིའི་ཐོག་ལམ་སྟོན་དང་སློབ་སྦྱོང་སྤྲོད་ཐུབ་རྒྱུའི་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གང་ལྟར་དུས་ཚོད་དང་འཚམ་པའི་ཐོག་ནས་གོམས་པ་སྤོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ང་ཚོས་དེང་རབས་དང་མཐུན་པའི་སློབ་འཁྲིད་དང་། དུས་ཚོད་ཀྱི་འགྱུར་གྲོས་ལ་གཞིགས་ཏེ་སློབ་འཁྲིད་གནང་དགོས་། དེ་སྔ་ང་ཚོ་སློབ་ཕྲུག་ཡིན་པའི་སྐབས་རྒན་ལགས་ཀྱིས་ཉེས་བརྡུང་བཏང་སྟེ་སློབ་སྦྱོང་ཐོག་ལ་ཕན་ཐོགས་ཧ་ཅང་བྱུང་ཡོད། འོན་ཀྱང་དེང་སང་གི་ཕྲུ་གུ་རྣམས་ལའང་ཉེས་རྡུང་བཏང་ནས་སློབ་སྦྱོང་སྤྲད་ན་ཕན་གྱི་རེད་བསམ་པའི་བློ་འདི་ནོར་འཁྲུལ་རེད་ཅེས་ཞུ་འདོད་བྱུང་། དེར་བརྟེན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དུས་ཚོད་དང་བསྟུན་ནས་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།

སྔོན་མ།
ཚན་རྩིས་དང། ཨིན་ཇི། ཁོར་ཡུག སྤྱི་ཚོགས་རིག་གནས་སོགས་ཀྱི་བརྙན་དེབ་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
སྤུ་རུ་ཝ་ལ་སློབ་དགེ་ཚེ་དབང་རབ་བརྟན་ལགས་དམ་པ་ཁོང་གིས་གསོག་དངུལ་རྣམས་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་སུ་གནང་།