ཟླ་རེའི་གསར་འགྱུར།

ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)

ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུ་དང། །བཤེས་གཉེན་དམ་པ་རྣམས་གུས་བཏུད་ནས། ། འཇིག་རྟེན་ཡ་རབས་ལུགས་ལ་ཆེས་མཁོ་བའི། །ཞེ་སའི་རྣམ་གྲངས་འགའ་ཞིག་བཤད་པར་བྱ། །ཞེ་སར་མཁས་རྣམས་ཡ་རབས་སྤྱོད་བཟང་ཞེས། །འཇིག་རྟེན་ཡ་རབས་ལུགས་ལ་འདི་ལྟར་གྲགས། ། ལུགས་འདིར་མཁས་ན་སྐད་ཀྱི་རྒྱན་ཡིན་པས། །བློ་གྲོས་གསར་པའི་ཚོགས་ཀྱིས་མཁྱེན་པ་དགོས། །དེ་ལྟར་ལགས་ན་འདི་ལྟར་ངེས་དགོས་ཏེ། །རང་གིས་རང་ལ་ཞེ་ས་དུས་ནམ་ཡང། ། བྱེད་པར་མི་འོས་བླ་དཔོན་ཕ་མ་སོགས། །བཀུར་འོས་རྣམས་ཞེ་ས་ངེས་པར་དགོས། །གཞན་ལ་བཀའ་འདྲི་ཞུ་དུས་ཞེ་ས་དགོས། །རང་གིས་ཕར་ལན་རྒྱག་སྐབས་དེ་འདྲ་མིན། ། ག་པར་ཕེབས་སམ་ཞེས་པའི་ལན་འདེབས་སུ། །ཁྲོམ་ལ་ཕེབས་ཀྱི་ཡིན་ཞེས་ཟེར་མི་རུང། །བོད་ཀྱི་སྐད་ལ་མཁོ་བའི་ཞེ་ས་ལ། །ལགས་ཞེས་བྱ་བའི་ཚིག་འདི་ཁྱབ་ཆེ་བས། ། འདི་ཉིད་བེད་སྤྱོད་ཇི་ལྟར་བྱེད་ཚུལ་ནི། །ཨ་མ་ལགས་དང་པཱ་ལགས་ལྟ་བུས་མཚོན། །ཕ་ལ་པཱ་ལགས་མ་ལ་ཨ་མ་ལགས། །གཅེན་པོ་གཅེན་མོ་སྲུ་མོ་ཨ་ཁུ་ལགས། ། ཇོ་ཇོ་ཨ་ཅག་སྤོ་པོ་རྨོ་རྨོ་སོགས། །འདི་འདྲའི་རིགས་ལ་ལགས་ཞེས་ལབ་ན་འགྲིག དེ་བཞིན་གྲོགས་པོ་གྲོགས་མོ་སློབ་དཔོན་དང། །གཉེར་པ་གསོལ་དཔོན་དྲུང་ཡིག་དཔོན་པོ་ལགས། ། མཆོད་གནས་ཨིན་ཆུང་དགེ་བཤེས་ལ་སོགས་པར། །གོང་བཞིན་ལགས་ཞེས་རིགས་བསྒྲེ་བྱས་པས་ཆོག །འོན་ཀྱང་གོ་གནས་ཤིན་ཏུ་མཐོ་བའི་མིར། །ལགས་ཞེས་བེད་སྤྱོད་བྱེད་པའི་སྲོལ་མེད་པས། ། འདི་ཡི་ཚབ་ལ་མཆོག་ཅེས་ཞུ་དགོས་ཏེ། །སྐྱབས་མགོན་མཆོག་དང་སྲིད་བློན་མཆོག་ལྟ་བུ། །གཞན་གྱི་ཆེད་དུ་བེད་སྤྱོད་བྱེད་པའི་སྐབས། །ལགས་ཀྱི་ཚིག་འདི་མཛེས་པའི་རྒྱན་ཡིན་ཀྱང། ། རང་གིས་རང་ལ་ལགས་ཞེས་དུས་ནམ་ཡང། །ལབ་ན་ནོར་བས་དེ་ལུགས་སྤོང་དགོས་སོ། །ཁྱེད་ཀྱིས་ང་ལ་ཚེ་དབང་ལགས་གསུངས་ན། །དེ་ནི་ཡ་རབས་སྤྱོད་བཟང་ཡིན་ན་ཡང། ། རང་གིས་རང་ལ་ཚེ་དབང་ལགས་ལབ་ན། །ནོར་འཁྲུལ་ཆེན་པོ་ཡིན་པས་ཤེས་དགོས་སོ། །གོང་མའི་ངག་ལ་ཞེ་སར་བཀའ་ཞེས་ཟེར། །དེ་ལ་བརྟེན་ནས་ཞེ་སའི་རྣམ་གྲངས་རྣམས། ། ཇི་ལྟར་འབྱུང་ཚུལ་གཤམ་ན་བཀོད་ཡོད་པས། །བློ་གསར་རིག་པ་ཅན་ཚོས་ཐུགས་སྣང་མཛོད། །གོང་མས་ལབ་པར་བཀའ་གནང་ཞེས་ཟེར་ཞིང། །བཀོད་པ་བཏང་པར་བཀའ་བཀོད་གནང་བ་ཟེར། ། གཤེ་གཤེ་བཏང་པར་བཀའ་བཀྱོན་གནང་བ་དང། །ཁྲིམས་ཀྱི་ཞེ་སར་བཀའ་ཁྲིམས་ཟེར་བ་ཡིན། །སྐད་ཆ་བྱས་པར་བཀའ་གནང་བ་དང། །འབོད་འགུག་བྱས་པར་བཀའ་འགུགས་གནང་བ་ཟེར། ། མངགས་ཆ་བྱས་པར་བཀའ་མངགས་གནང་བ་དང། །གྲོས་བསྡུར་བྱས་པར་བཀའ་བསྡུར་གནང་བ་ཟེར། །ཆོས་བཤད་པ་ལ་བཀའ་ཆོས་གནང་བ་དང། །ཤིར་ཁར་ཁ་ཆེམས་བཞག་པར་ཞལ་ཆེམས་ཏེ། ། དྲིན་གྱིས་བསྐྱངས་པར་བཀའ་དྲིན་ཆེ་བ་དང། །བཀའ་ཕེབས་ཞེས་པ་གོང་མས་ལབ་པའི་དོན། །བཀའ་འབངས་ཞེས་པ་ཡུལ་གྱི་མི་སེར་དང། །བཀའ་བློན་ཞེས་པ་བློན་པོའི་ཞེ་ས་ཡིན། ། ཐག་གཅོད་བྱེད་པར་ཐུགས་ཐག་གཅོད་པར་དང། །གླེང་མོལ་བྱས་པ་བཀའ་མོལ་གནང་བ་ཟེར། །རྒྱལ་པོ་སོགས་ཀྱིས་བཤད་པའི་སྐད་ཆ་ལ། །བཀའ་སྩལ་ཟེར་ཞིང་ལན་གྱི་ཞེ་ས་ལ། ། བཀའ་ལན་ཞེས་དང་དེ་བཞིན་ལོན་བསྐུར་བར། །བཀའ་ལོན་ཟེར་བས་མ་ནོར་གཟབ་དགོས་སོ། །སློབ་སྟོན་བྱས་པར་བཀའ་སློབ་གནང་བ་དང། །ལུང་བསྟན་བྱས་པར་བཀའ་ལུང་ཕེབས་པ་ཟེར། ། ལུས་པོར་སྐུ་ལུས་ཁམས་ལ་སྐུ་ཁམས་ཏེ། །གཅིག་པོར་བསྡོད་པར་སྐུ་རྐྱང་བཞུགས་པ་ཟེར། །སྐྱེ་བ་བླངས་པར་སྐུ་སྐྱེ་བཞེས་པ་དང། །བླ་མའི་དངོས་ཆས་ཡིན་ན་ཞེ་སའི་ནང། ། སྐུ་རྒྱུ་ཕྱག་རྫས་ཟེར་ཞིང་སྐུ་རྒྱབ་ཅེས། །ལུས་པོའི་རྒྱབ་ཀྱི་ཞེ་ས་ཡིན་པ་ལགས། །སྐུ་ངལ་ཞེས་པ་དཀའ་ལས་ཁག་པའི་དོན། །དཀའ་ལས་བརྒྱབས་པར་སྐུ་ངལ་བསྐྱོན་པ་སྟེ། ། ཁྲུས་ཀྱི་ཞེ་སར་སྐུ་ཁྲུས་ཟེར་བ་དང། །མགྲོན་པོ་སླེབས་ན་སྐུ་མགྲོན་ཕེབས་འདུག་ཟེར། །སྐུ་སྒེར་ཞེས་པ་སྒེར་གྱི་ཞེ་ས་དང། །སྐུ་ཆས་ཅ་ལག་སྐུ་ཆིངས་སྐེ་རགས་ཏེ། ། སྐུ་མཆེད་ཅེས་པ་སྤུན་གྱི་ཞེ་ས་དང། །འཆམ་འཆམ་བྱས་པར་སྐུ་འཆམ་གནང་བ་ཟེར། །ཁྱོད་ལ་སྐུ་ཉིད་དཀའ་ལས་ཁག་པ་ལ། །སྐུ་མཉེལ་བ་དང་ལྷ་ཡི་གཟུགས་བརྙན་ལ། ། སྐུ་བརྙན་ཟེར་ཞིང་སྐུ་བལྟམས་ཞེས་པ་ནི། །བཅོམ་ལྡན་འདས་སོགས་སྐྱེས་པའི་ཞེ་སའོ། །རྒྱབ་པ་སྙེ་ས་སྐུ་སྙེ་ཞེས་ཟེར་ཞིང། །ཐང་ཀར་སྐུ་ཐང་ལུས་ཐང་ཆད་པ་ལ། ། སྐུ་ཐང་མཉེལ་དང་མི་ཚེ་གཅིག་ལ་ནི། །ཞེ་སའི་ནང་དུ་སྐུ་ཐོག་གཅིག་ཅེས་ཟེར། །ཚེ་དུས་སྐུ་དུས་ལས་དོན་སྐུ་དོན་དང། །དྲིན་ཆེན་ཡིན་ན་སྐུ་དྲིན་ཆེན་པོ་ཟེར། ། སྐུ་དྲུང་ཞེས་པ་འགྲམ་གྱི་ཞེ་ས་དང། །སྐུ་གདུང་ཞེས་པ་ཤི་བའི་ཕུང་པོའི་མིང། །མདུན་ལ་སྐུ་མདུན་མདུན་དུ་ཕྱིན་པ་ལ། །སྐུ་ཡི་མདུན་དུ་བཅར་ཞེས་ཟེར་བ་དང། ། སྐུ་གདུང་ཞུགས་འབུལ་ཞུས་པ་ཟེར་བ་ནི། །མི་རོ་མེ་ལ་བསྲེགས་པའི་ཞེ་ས་ཡིན། །སྐུ་བརྙན་བཟོ་བར་སྐུ་འདྲ་བཞེངས་པ་དང། །སྐུ་ན་ཞེས་པ་ལོ་ཡི་ཞེ་སར་སོང། ། ལོ་ན་རྒན་པར་སྐུ་ན་བགྲེས་པ་དང། །ལོ་ན་ཆུང་བར་སྐུ་ན་ཕྲ་བ་ཟེར། །པར་ལ་སྐུ་པར་ཕུང་པོར་སྐུ་ཕུང་དང། །བག་མར་བླངས་པར་སྐུ་བག་བཞེས་པ་སྟེ། ། དབང་ཆ་བཟུང་བར་སྐུ་དབང་འཛིན་པ་དང། །བདུན་ཚིགས་བསྲུང་བར་སྐུ་ཚིགས་བསྲུངས་པ་ཟེར། །ཚབ་ལ་སྐུ་ཚབ་ཅེས་དང་སྐྱེས་པ་ལ། །སྐུ་བཙས་ཞེས་ཟེར་གཞོན་པར་སྐུ་གཞོན་དང། ། གཟན་ལ་སྐུ་གཟན་གཟུགས་ལ་སྐུ་གཟུགས་ཏེ། །སྐུ་ཟླ་ཞེས་པ་བཟའ་ཟླའི་ཞེ་ས་ཡིན། །ཡོན་ཏན་ཅན་ལ་སྐུ་ཡོན་ཅན་དང་ནི། །སྐེ་རགས་བཅིངས་པར་སྐུ་རགས་བཅིངས་པ་སྟེ། ། རིམ་གྲོ་བྱས་པར་སྐུ་རིམ་གནང་བ་དང། །སྐུ་རུས་ཞེས་པར་རུས་པའི་ཞེ་ས་ཡིན། །དཀའ་ལས་ཁག་པར་སྐུ་ལས་ཁག་པ་དང། །ལུས་ཀྱི་སྲུང་སྐྱོབ་པ་ལ་སྐུ་སྲུང་བ། ། སྐུ་བཀྲོངས་ཞེས་པ་བསད་པའི་ཞེ་ས་དང། །སྐུ་སྲོག་ཅེས་པ་ལུས་དང་སྲོག་གི་དོན། །ཁོའམ་མོ་ལ་ཁོང་ཞེས་ཟེར་བ་དང། །ཁོ་ཚོར་ཁོང་ཚོ་ཁྱོད་ལ་ཁྱེད་ཅེས་དང། ། ཁྱོད་ཚོ་ཞེས་པར་ལྷན་རྒྱས་རྣམ་པ་སྟེ། །འཁྲུངས་པ་ཞེས་པ་སྐྱེས་པའི་དོན་ཡིན་ནོ། །འཁྲུངས་སྐར་ཞེས་པ་སྐྱེས་པའི་ཉིན་མོ་དང། །འཁྲུངས་ཡུལ་སྐྱེས་ཡུལ་འཁྲུངས་ས་སྐྱེ་ས་སྟེེ། ། ཆང་ས་བརྒྱབས་པར་འཁྲུངས་ས་བསྐྱོན་པ་དང། །སྐྱེས་རབས་ལ་ནི་ཞེ་སར་འཁྲུངས་རབས་ཟེར། །སྐྱེས་རྟགས་བཟོ་བར་འཁྲུངས་རྟགས་བཞེངས་པ་དང་། །ལོ་ལ་དགུང་ལོ་ལོ་ན་རྒན་པོ་ལ། ། དགུང་ལོ་བགྲེས་པོ་ཟེར་ཞིང་ལོ་ཆུང་བར། །ཞེ་སའི་ནང་དུ་དགུང་ལོ་ཆུང་ཆུང་ཟེར། །དགུང་ཟླ་ཞེས་པ་ན་ཚོད་མཉམ་པའི་དོན། །ལོ་ཡི་གྲངས་ལ་དགུང་གྲངས་ཞེས་དང་ནི། ། དགོངས་པ་ཞེས་པ་སེམས་ལ་བསམ་པའི་དོན། །ཚིག་པ་ཟ་བར་དགོངས་པ་ཁྲེལ་བ་ཟེར། །འགྲེལ་བ་བརྒྱབས་པར་དགོངས་འགྲེལ་གནང་བ་དང། །སྙིང་རླུང་ལངས་པར་དགོངས་པ་ཚོམ་པ་སྟེ། ། བསམ་བློ་བཏང་པར་དགོངས་པ་བཞེས་པ་དང། །དགོངས་འཆར་ཞེས་པ་སེམས་ཀྱི་བསམ་འཆར་རོ། །ཤི་བའི་ཞེ་སར་དགོངས་པ་གཤེགས་པ་དང། །ཡང་ན་དེ་ལ་དགོངས་པ་རྫོགས་པ་ཟེར། ། དགོངས་གཞི་ཞེས་པ་བསམ་བློའི་འཆར་གཞི་དང། །དགོངས་བཞེད་ཅེས་པ་སེམས་ཀྱི་འདོད་པར་ཟེར། །སེམས་ལ་བཞག་པར་དགོངས་འཇགས་གནང་བ་དང། །དགོངས་དག་ཐུགས་བདེན་ཞེས་པའི་ཚིག་འདི་ཉིད། ། མཐོ་དམན་ཀུན་ལ་བེད་སྤྱོད་བྱེད་ན་ཡང། །ཚིག་པ་མ་ཟ་ལབ་པའི་དོན་དག་ཡིན། །ཞེ་སའི་ནང་དུ་སྐེ་ལ་མགུལ་ཞེས་དང། །སྐེ་ཡི་རྒྱན་ལ་མགུལ་རྒྱན་ཞེས་ཟེར་ཞིང། ། གློ་ལ་མགུལ་གློ་གླུ་ལ་མགུལ་གླུ་དང། །གླུ་སོགས་བླངས་པར་མགུལ་གླུ་བཞེས་པ་ཟེར། །གློ་ཆམ་ཐེབས་པར་མགུལ་ཆམ་བཞེས་པ་དང། །ཕྱི་རྒྱལ་ལུགས་ལྟར་དེེང་དུས་དཔོན་པོ་ཚོས། ། སྐེ་ལ་འདོགས་པར་བྱེད་པའི་སྐེ་ཆིངས་ལ། །ཞེ་སའི་ནང་དུ་མགུལ་ཆིངས་ལབ་ན་འགྲིག །ཁ་བཏགས་འདོགས་པར་མགུལ་དར་སྒྲོན་པ་དང། །ཤི་བའི་ཞེ་སར་གྲོངས་པ་ཞེས་ཟེར་ཞིང། ། ཤི་ཁར་གཤིན་པོས་ཁ་ཆེམས་བཞག་པ་ལ། །གྲོངས་ཁར་འདས་པོས་ཞལ་ཆེམས་བཞག་པ་ཟེར། །ཆུ་ལ་ཆབ་དང་ཆུ་བསྐོལ་ཆབ་བསྐོལ་ཏེ། །ཆབ་ཆེན་ཞེས་པ་བཙོག་པའི་ཞེ་ས་དང། ། གཅིན་པར་ཆབ་གསང་ཟེར་ཞིང་གསང་སྤྱོད་ལ། །ཞེ་སའི་ནང་དུ་ཆབ་ཁང་ཟེར་བ་ཡིན། །ཆབ་བསིལ་ཆུ་གྲང་ཆབ་ཞོ་འོ་མ་སྟེ། །དེང་སང་ཡར་ཐོན་ཅན་གྱི་དུས་སྐབས་འདིར། ། སྣུམ་བསྐྱོད་སྒ་རིལ་ལ་ཡང་ཆིབས་ཀྲོལ་ཟེར། །རྟ་ཡི་སྒ་ལ་ཞེ་སར་ཆིབས་སྒ་གྲགས། །ཆིབས་རྟ་ཞེས་པ་རྟ་ཡི་ཞེ་ས་དང། །ཆིབས་པ་ཆིབས་ནི་རྟ་ལ་བཞོན་པར་ཟེར། ། ཆིབས་གཡོག་རྟ་གཡོག་ཆིབས་ཞབས་གཡོག་པོའི་མིང། །ཆིབས་སྟེགས་ཞེས་པ་རྟ་ལ་བཞོན་སའི་སྟེགས། །ཆིབས་རྩྭ་རྟ་རྩྭ་ཆིབས་ཆས་རྟ་ཆས་དང། །ཆིབས་ར་རྟ་ར་ཆིབས་ལྕག་ལྕག་རྟ་ལྕག་སྟེ། ། ཆིབས་དཔོན་ཞེས་པ་རྟ་ཡི་གཡོག་པོ་དང། །ཆིབས་བསྒྱུར་གནང་བ་ཕྱིན་པའི་ཞེ་ས་ཡིན། །མཆོད་ཞལ་ཕོར་བ་ཆང་ལ་མཆོད་ཆང་དང། །ཆང་ཐུངས་ཞེས་པར་མཆོད་ཆང་མཆོད་ཅེས་ཟེར། ། མཆོད་གནས་ཡིན་ན་མཆོད་གནས་ལགས་ཞེས་ལབ། །ལྟོ་ཡི་ཟས་རོར་མཆོད་རོ་ཟེར་བ་ཡིན། །ཟས་ཤུལ་ལུས་པར་མཆོད་ཤུལ་ལུས་པ་དང། །ཁ་ལག་ཟོ་དང་ཇ་ཐུངས་དུག་ལོག་གྱོན། ། འདི་དག་ཚང་མའི་ཞེ་སའི་བསྐུལ་ཚིག་ཏུ། །མཆོད་རོགས་གནང་ཞེས་ལབ་ན་འགྲིག་པ་ཡིན། །ཇོ་ཇོ་ལགས་དང་ཇོ་ལགས་ཇོ་བོ་ལགས། །འདི་རྣམས་ཚང་མ་ཨ་ཇོའི་ཞེ་ས་དང། ། མཇལ་བ་འཕྲད་པ་མཇལ་ཁ་ཐུག་འཕྲད་དང། །ཐུག་འཕྲད་བྱས་པར་མཇལ་ཁ་ཞུས་པར་ཟེར། །མཇལ་འཕྲད་གནང་བ་ཐུག་འཕྲད་བྱས་པ་དང། །ཐུག་ཏུ་བཅུག་པར་མཇལ་ཁ་གནང་བ་ཟེར། ། མཇལ་དར་ཁ་བཏགས་ཁ་བཏགས་བཏགས་པ་ལ། །ཞེ་སའི་ནང་མཇལ་དར་སྒྲོན་པའང་ཟེར། །ལྗགས་ཞེས་ལྕེ་ཡི་ཞེ་ས་ཡིན་པས་ན། །ལྗགས་ཀློག་གནང་བ་ཡི་གེ་ཀློག་པའི་དོན། ། ལྗགས་སྔགས་ཞེས་པ་སྔགས་ཀྱི་ཞེ་ས་ཡིན། །ལྗགས་འཁྲིད་གནང་ནི་དཔེ་འཁྲིད་བྱས་པར་གོ། །ལྗགས་སྨིན་གནང་ནི་ཁ་ལག་ཟོས་པ་དང། །ལྗགས་ཤེལ་ཞེས་པ་བྱེ་མ་ཀ་རར་གོ ། ལྗགས་སྤོས་ཞེས་པ་ཟས་ཀྱི་སྨན་སྣ་དང། །བྱེ་བྲག་སེ་པེན་ཁ་ཚར་གོ་བ་ཡིན། །ལྗགས་བཀོད་ཞེས་པ་ངག་བཀོད་བྱས་པ་དང། །ལྗགས་བསྔོ་གནང་བ་བསྔོ་སྨོན་གནང་བའོ། ། ལྗགས་འདྲིལ་ལྕེ་གུག་ལྗགས་ནར་ལྕེ་རྐྱོང་བ། །ལྗགས་དབུགས་ཁ་དབུགས་ལྗགས་བཤད་དཔེ་བཤད་དོ། །བླ་མས་བྱིན་གྱིས་བརླབས་ནས་ཕུ་བརྒྱབས་པར། །ཞེ་སའི་ནང་དུ་ལྗགས་ཕུ་བསྐྱོན་པ་དང། ། ལྗགས་སྔགས་གནང་བ་བླ་མས་ཕུ་བརྒྱབས་པ། །འཕོ་བ་བརྒྱབས་པར་ལྗགས་འཕོ་གནང་བ་ཟེར། །ཚྭ་ལ་ལྗགས་ཚྭ་ལན་ལ་ལྗགས་ལན་དང། །ལུང་ལ་ལྗགས་ལུང་ལོན་ལ་ལྗགས་ལོན་ཏེ། ། འབྲི་རྩོམ་བྱས་པར་ལྗགས་རྩོམ་གནང་བ་དང། །སྲུང་མདུད་གནང་བར་ལྗགས་མདུད་གནང་བ་ཟེར། །མཉེས་པ་ཟེར་ན་སེམས་ལ་དགའ་བའི་དོན། །མཉེས་པར་བྱེད་པ་དགའ་བར་བྱེད་པ་དང། ། དགའ་ཚོར་བྱས་པ་མཉེས་ཚོར་གནང་བ་སྟེ། །སྐད་གྲགས་ཆེ་བར་སྙན་གྲགས་ཆེ་བ་ཟེར། །རྣ་ལ་སྙན་ཅོག་རྣ་རྒྱན་སྙན་རྒྱན་དང། །སྙན་སྒྲོན་ཞུས་པ་ཡར་ལ་ལབ་པའི་དོན། ། སྙན་གྱིས་གསན་ནི་རྣ་བས་ཉན་པ་དང། །སྙན་གསེང་ཞུས་ནི་ཡར་ལ་ལབ་པར་ཟེར། །སྙན་ཤལ་ཞེས་པ་རྣ་ཡི་རྣ་ཤལ་དང། །སྙན་སུན་ཞུས་པ་སུན་པོ་བྱས་པའི་དོན། ། སྙུན་གཞི་ཞེས་པ་ན་ཚའི་ཞེ་ས་དང། །སྙུན་སྙུན་ཚ་ཚ་ན་ན་ཚ་ཚར་ཟེར། །བརྟག་དཔྱད་མེད་པར་མི་ལ་ཉན་མཁན་ལ། །ཞེ་སའི་ནང་དུ་སྙན་ཅོག་སྲབ་པོ་ཟེར། ། ཐུགས་ཞེས་སེམས་ཀྱི་ཞེ་ས་ཡིན་པས་ན། །དེ་ལ་བརྟེན་པའི་ཞེ་ས་འདི་ལྟར་འབྱུང། །སེམས་ལ་ཐུགས་སེམས་སེམས་པ་དཀར་པོ་ལ། །ཐུགས་སེམས་དཀར་པོ་ཞེས་ཟེར་སེམས་བསྐྱེད་ལ། ། ཐུགས་བསྐྱེད་ཟེར་ཞིང་སྙིང་ཁར་ཐུགས་ཀ་དང། །ལས་འཁུར་བླངས་པར་ཐུགས་འཁུར་བཞེས་པར་ཟེར། །མི་ལ་ཁག་མེད་ཐུགས་ཁག་མི་འདུག་ཟེར། །སེམས་ཁྲལ་བྱས་པར་ཐུགས་ཁྲེལ་གནང་བ་དང། ། ཚིག་པ་ཟ་བར་ཐུགས་སེམས་ཁྲེལ་བ་སྟེ། །དགོངས་དག་ཅེས་པར་ཐུགས་དག་ཅེས་བརྗོད། །སེམས་ལ་བསམ་པར་ཐུགས་ལ་དགོངས་པ་དང། །སེམས་ལ་ངེས་པར་ཐུགས་ལ་ངེས་པ་སྟེ། ། སེམས་ལ་འཇགས་པར་ཐུགས་ལ་འཇགས་པ་དང། །སེམས་ལ་བཞག་པར་ཐུགས་ལ་བཅངས་པ་ཟེར། །གཟབ་གཟབ་བྱེད་པར་ཐུགས་ཅག་གནང་བ་དང། །བློ་རྒྱ་ཆེ་བར་ཐུགས་རྒྱ་ཆེ་བ་ཟེར། ། ཐུགས་སུ་ཆུད་པ་སེམས་ལ་ངེས་པའི་དོན། །སེམས་ལ་ཡོད་པར་ཐུགས་ལ་མངའ་བ་ཟེར། །དོགས་པ་བྱས་པར་ཐུགས་དོགས་གནང་བ་དང། །དོ་སྣང་བྱས་པར་ཐུགས་སྣང་གནང་བ་སྟེ། ། ཐུགས་སྤྲོ་ཞེས་པ་སྐྱིད་སྐྱིད་གཏོང་བ་དང། །སེམས་པ་སྐྱིད་པར་ཐུགས་སེམས་སྤྲོ་པོ་ཟེར། །སེམས་འཚོ་མ་ཟིན་སྨྱོ་འཆོལ་བྱེད་པ་ལ། །ཐུགས་སེམས་འཆོལ་དང་ཐུགས་སེམས་མ་ཟིན་ཟེར། ། སེམས་པ་ཕམ་པར་ཐུགས་ཕམ་ཞེས་ཟེར་ཞིང། །སེམས་ལ་འགྲོ་བར་ཐུགས་ལ་འགྲོ་བ་ཟེར། །བྲེལ་བ་བྱས་པར་ཐུགས་བྲེལ་གནང་བ་དང། །སེམས་པ་མུག་པར་ཐུགས་སེམས་མུག་པ་སྟེ། ། སྨོན་ལམ་བརྒྱབས་པར་ཐུགས་སྨོན་གནང་བ་དང། །བརྩེ་བ་ལྡན་པར་ཐུགས་བརྩེ་ལྡན་པ་ཟེར། །བློ་འཚབ་བྱས་པར་ཐུགས་འཚབ་གནང་བ་དང། །བློ་ལ་འཛིན་པར་ཐུགས་ལ་འཛིན་པར་གྲགས། ། སེམས་པ་གཡེངས་པར་ཐུགས་གཡེངས་གནང་བ་དང། །རིག་པ་བཀྲ་བར་ཐུགས་རིག་བཀྲ་བར་གྲགས། །སེམས་ཀྱི་གཤིས་ཀར་ཐུགས་གཤིས་ཞེས་ཟེར་ཞིང། །ལས་སོགས་གང་ཡིན་བྱེད་ལོང་མི་འདུག་ན། ། ཞེ་སའི་ནང་དུ་ཐུགས་ལོང་མི་འདུག་དང། །དོགས་ཟོན་བྱས་པར་ཐུགས་ཟོན་གནང་བ་ཟེར། །སེམས་གསོ་གཏོང་བར་ཐུགས་གསོ་འབུལ་བ་དང། །སྙིང་རུས་ཆེ་བར་ཐུགས་རུས་ཆེ་བ་ཟེར། ། བསམ་བློ་བཏང་པར་ཐུགས་བསམ་བཞེས་པ་དང། །སྔ་སར་ཆེ་བར་ཐུགས་སར་ཆེ་བ་ཟེར། །བཟོད་བསྲན་ཆེ་བར་ཐུགས་བསྲན་ཆེ་བ་དང། །བདག་མོ་བླ་མའི་སྐྱེ་དམན་ཡིན་པས་ན། ། བདག་མོ་བཞེས་པ་སྐྱེ་དམན་བླངས་པའི་དོན། །གདུང་རྒྱུད་ཅེས་པ་བླ་མའི་རུས་རྒྱུད་ཡིན། །གདུང་སྒྲོམ་རོ་སྒམ་གདུང་ཐལ་རོ་ཐལ་དང། །གདུང་འཛིན་རྒྱུད་པ་གདུང་རབས་མི་རབས་ཏེ། ། གདུང་རུས་རུས་རྒྱུད་གདུང་སྲས་བླ་མའི་བུ། །གདུང་རིགས་ཞེས་པ་སྐྱེ་སའི་རུས་རྒྱུད་མིང། །སྤྲོད་པ་དང་ནི་བྱེད་པ་གཉིས་ཀ་ལ། །ཞེ་སའི་ནང་དུ་གནང་བ་ཞེས་ཟེར་ཞིང། ། གནང་མདོག་ཁ་པོ་བྱེད་མདོག་ཁ་པོ་དང། །སྤྲོད་མདོག་ཁ་པོ་གཉིས་ཀའི་ཞེ་ས་ཡིན། །སྤྲོད་རོགས་བྱེད་རོགས་གཉིས་ཀའི་ཞེ་ས་ལ། །གནང་རོགས་གནང་ཞེས་ལབ་ན་འགྲིག་པ་ཡིན། ། སྤྲད་བྱང་གནང་བྱུང་བྱས་བྱུང་སྤྲད་བྱུང་ལ། །ཞེ་སའི་ནང་དུ་གནང་སོང་ལབ་ན་འགྲིག །མ་སྤྲད་མ་བྱས་གཉིས་ཀའི་ཞེ་ས་ལ། །གནང་མི་འདུག་ཅེས་ལབ་ན་ནོར་བ་མིན། ། བྱེད་རོགས་སུ་ཡོད་ཅེས་པའི་ཞེ་ས་ལ། །གནང་རོགས་སུ་ཡོད་ལབ་ན་འགྲིག་པ་ཡིན། །སྤྲོད་ཀྱི་རེད་དང་བྱེད་ཀྱི་རེད་ཅེས་པར། །གནང་གི་རེད་དང་བྱེད་འདོད་སྤྲོད་འདོད་གཉིས། ། མི་འདུག་ན་ནི་གནང་འདོད་མི་འདུག་ཟེར། །སྤྲོད་རྩིས་བྱེད་རྩིས་གཉིས་ལ་གནང་རྩིས་ལབ། །རྔན་པ་སྟེར་བར་གནང་སྦྱིན་གནང་བ་དང། །གནང་སྐྱེས་ཞེས་པ་རྔན་པའམ་ལག་རྟགས་མིང། ། གནང་ཆ་གནང་རྟེན་གཉིས་ཀྱང་གོང་རིམ་ནས། །སྤྲད་པའི་དངོས་རྫས་ཡིན་པ་ཤེས་པར་མཛོད། །གནང་བ་གནང་ནི་ཆོག་མཆན་སྤྲད་པ་དང། །གནང་སྲོལ་ཡོད་ནི་བྱེད་སྲོལ་ཡོད་པའོ། ། གནང་སྒོ་ཞེས་པ་བྱེད་སྒོའི་ཞེ་ས་དང། །གནང་འཆར་ཞེས་པ་བྱེད་འཆར་སྤྲོད་འཆར་ཡིན། །མནལ་ཞེས་གཉིད་ཀྱི་ཞེ་ས་ཡིན་པས་ན། །གཉིད་ཁུག་པ་ལ་མནལ་ཁུག་ཟེར་བ་དང། ། གཉིད་ལམ་མཐོང་བར་མནལ་ལམ་གཟིགས་པ་སྟེ། །པུར་ནི་རོ་དང་པུར་ཁང་རོ་ཐབ་མིང། །པུར་སྒྲོམ་རོ་སྒམ་མི་རོ་བསྲེགས་པ་ལ། །ཞེ་སའི་ནང་དུ་པུར་མཆོད་འབུལ་བར་གྲགས། ། པུར་མེ་རོ་མེ་མིག་ལ་སྤྱན་ཞེས་ཟེར། །སྤྱན་སྔ་ཞེས་པ་མདུན་གྱི་ཞེ་ས་ཡིན། །སྤྱན་ཆབ་མིག་ཆུ་མིག་ལ་བསྟན་པ་ལ། །སྤྱན་བསྟར་ཞུས་དང་བླ་དཔོན་བོས་པ་ལ། ། སྤྱན་དྲངས་ཞེས་ཟེར་མིག་རྒྱང་གསལ་པོ་ལ། །ཞེ་སའི་ནང་དུ་སྤྱན་མིག་རྣོ་པོ་ཟེར། །སྤྱན་ཤེལ་མིག་ཤེལ་སྤྱན་བསལ་དམིགས་བསལ་ཏེ། །སྤྱན་སྤུ་མིག་སྤུ་སྤྱན་དཀྱུས་མིག་དཀྱུས་ཡིན། ། སྤྱན་ལྕིབས་མིག་ལྤགས་སྤྱན་པ་བྱ་ར་བ། །སྤྱན་འབེབས་ཡིག་རིགས་མིག་ལ་བསྟན་པར་གོ །སྤྲོ་པོ་དགའ་པོ་སྤྲོ་སྐྱིད་དགའ་སྐྱིད་དང། །སྤྲོ་ཁང་སྐྱིད་ཁང་སྤྲོ་སེམས་དགའ་སེམས་ཡིན། ། སྤྲོ་སྣང་དགའ་སྣང་སྤྲོ་སྟོན་དགའ་སྟོན་དང། །སྤྲོ་སྨན་སེ་པེན་སྤྲོ་གསེང་སྐྱིད་སྐྱིད་ལ། །

ཆེད་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
དཔར་ཐེངས་དང་པོའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༢)
ཞེ་སའི་ཚིག་མཛོད།(༣)
བོད་ཀྱི་ཞེ་ས།(ཆུང་ཚེ་རིང)

སྔོན་མ།
དཔར་ཐེངས་གཉིས་པའི་གླེང་བརྗོད།
ཕྱི་མ།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)