ཟླ་རེའི་གསར་འགྱུར།

ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)

རང་ལས་མཐོ་བར་ཅ་ལག་སྤྲད་པའམ། །ཡང་ན་ཡི་གེ་བཏང་པའི་ཞེ་ས་ལ། །
ཕུལ་བ་ཟེར་ཞིང་འདི་ནི་འདས་ཚིག་སྟེ། །སྤྲོད་རྒྱུ་གཏོང་རྒྱུར་འབུལ་རྒྱུ་ཡིན་ཞེས་བྲིས། །
འགྲོ་གྲབས་བྱས་པར་ཕེབས་གནང་བ་དང། །འགྲོ་རྒྱུའི་གྲ་སྒྲིག་བྱས་པར་ཕེབས་སྒྲིག་ཟེར། །
ཡོང་བའི་དོན་དང་འགྲོ་བའི་དོན་གཉིས་ཀར། །ཞེ་སའི་ནང་དུ་ཕེབས་པའི་དོན་ཞེས་ཟེར། །
འགྲོ་བའི་གདོང་དང་ཡོང་བའི་གདོང་གཉིས་ཀར། །ཕེབས་གདོང་ཟེར་བས་ནོར་བའི་ཉེན་ཁ་མེད། །
འགྲོ་རྩིས་ཕེབས་རྩིས་སླེབས་བསྟུན་ཕེབས་བསྟུན་དང། །ལམ་གྱི་ཞེ་སར་ཕེབས་ལམ་ཟེར་བ་ཡིན། །
འགྲོ་བའི་ཞོར་དང་ཡོང་བའི་ཞོར་གཉིས་ལ། །ཞེ་སའི་ནང་དུ་ཕེབས་ཞོར་ཟེར་བ་ཡིན། །
ཕེབས་བྱུང་ཞེས་པ་སླེབས་བྱུང་ལབ་པའི་དོན། །ཕྱིན་སོང་ཞེས་པར་ཕེབས་སོང་ཞུས་ན་འགྲིག །
འགྲོ་བའི་མཚམས་ལ་ཕེབས་པའི་མཚམས་ཞེས་དང། །བསུ་མ་བྱས་པར་ཕེབས་བསུ་ཞུས་པ་ཟེར། །
ཕེབས་གསལ་ཞེས་པ་ཡི་གེ་འབྱོར་བ་བཞིན། །ཕེབས་ཀོ་ཀོ་གྲུ་ཕེབས་ཁྲི་འགྱོགས་བྱམས་ཡིན། །
ཕེབས་སྒུག་སྒུག་པ་ཕེབས་སྐྱེལ་སྐྱེལ་མ་དང། །ཕེབས་སྟོན་འགྲོ་ཁའི་གསོལ་སྟོན་ཡིན་པར་གྲགས། །
ཕེབས་ཟམ་ཟམ་པ་ཕེབས་ལམ་ལམ་གྱི་དོན། །ཕེབས་རོགས་ཞེས་པ་ལམ་བར་འགྲོ་རོགས་མིང། །
ལག་པའི་ཞེ་སར་ཕྱག་ཅེས་བརྗོད་པས་ན། །དེ་ལ་བརྟེན་ནས་ཞེ་ས་འདི་ལྟར་འབྱུང། །
བཟོ་བོ་ལ་སོགས་མཁས་པའི་ལག་རྒྱུན་ལ། །ཞེ་སའི་ནང་དུ་ཕྱག་རྒྱུན་ཟེར་བ་ཡིན། །
ལག་ཆ་ཕྱག་ཆ་ལག་རྗེས་ཕྱག་རྗེས་དང། །ལག་རྟགས་ཕྱག་རྟགས་གོང་མར་འབུལ་རྟེན་ལ། །
ཕྱག་རྟེན་ཟེར་ཞིང་དགོན་པ་ལ་སོགས་པ། །བཟོས་པའི་ཞེ་སར་ཕྱག་བཏབ་ཟེར་བ་ཡིན། །
ཕྱག་ངར་ལག་ངར་ཕྱག་དམ་ཐེལ་ཙེའི་མིང། །གད་སྙིགས་ལ་ནི་ཕྱག་དར་ཟེར་བ་དང། །
དེབ་ལ་ཕྱག་དེབ་དྲིལ་བུར་ཕྱག་དྲིལ་ཏེ། །ཕྱག་མདའ་ཞེས་པ་མདའ་ཡི་ཞེ་ས་ཡིན། །
ཕྱག་གདུབ་ལག་གདུབ་ཕྱག་མཐིལ་ལག་མཐིལ་དང། །ཕྱག་དཔེ་ཞེས་པ་དཔེ་ཆའི་ཞེ་ས་ཡིན། །
ཕྱག་འཁར་འཁར་རྒྱུག་ཕྱག་ལྕགས་སྒོ་ལྕགས་དང། །ཕྱག་འཇུག་ཕྱག་འབེབས་ཉེས་རྡུང་མིང་ཡིན་ནོ། །
ཕྱག་མདུད་མདུད་པ་ཕྱག་ལྡེ་ལྡེ་མིག་དང། །ཕྱག་སྣེ་ལག་དངུལ་ཕྱག་དཔུང་དཔུང་པའི་མིང། །
ཕྱག་ཁུག་དངུལ་ཁུག་ཕྱག་གྲོན་འགྲོ་གྲོན་ཏེ། །ཕྱག་རྩལ་ལག་རྩལ་ཕྱག་རྫས་ཅ་ལག་ལ། །
ཕྱག་ཚགས་ཉར་ཚགས་ཕྱག་ཚད་ཐིག་ཚད་དང། །ཕྱག་མཚན་ལྷ་སྐུའི་རྟགས་སམ་ས་ཡིག་མིང། །
ཕྱག་ཕྲེང་ཕྲེང་བ་ཕྱག་བྲིས་ཡི་གེ་དང། །ཕྱག་སྦག་སྦག་དང་ཕྱག་སྦྲེལ་ལག་སྦྲེལ་ཡིན། །
ཕྱག་སྨྱུག་སྨྱུ་གུ་ཕྱག་ཚོད་ཆུ་ཚོད་དང། །ཕྱག་མཛུབ་མཛུབ་མོ་ཕྱག་བཞེས་ལག་ལེན་ཏེ། །
ལག་ལེན་བསྟར་བར་ཕྱག་བཞེས་བསྟར་བ་དང། །ལག་བཟོ་མཁས་པར་ཕྱག་བཟོ་མཁས་པ་ཟེར། །
ཕྱག་རོགས་ལས་རོགས་ཕྱག་ལས་ལས་ཀ་དང། །ཕྱག་ལེན་ལག་ལེན་ཕྱག་ཤུབས་ལག་ཤུབས་ཏེ། །
ཕྱག་ཤན་གྲི་དང་ཕྱག་ཤོ་ཤོ་ཡི་མིང། །ལག་པ་འཁྲུ་བར་ཕྱག་བསིལ་གནང་བ་ཟེར། །
ཕྱག་སེན་ལག་སེན་ལག་ཏུ་སོན་པ་ལ། །ཕྱག་ཏུ་སོན་པ་ཟེར་ཞིང་ཕྱག་སྲོལ་ནི། །
ལག་ལེན་བྱེད་སྲོལ་དེ་ལ་གོ་བ་དང། །མོ་སོགས་བརྒྱབས་པར་ཕྱག་མོ་བསྐྱོན་པར་གྲགས། །
གཞན་ཡང་ལྷམ་ལ་ཞབས་ཕྱགས་ཞབས་ལྷམ་དང། །ཕྱིན་པར་ཕྱགས་བཏེག་འོང་བར་ཕྱགས་ཕེབས་ཟེར། །
ཕྱི་མི་ཡོང་དུས་ཡོང་བ་དགའ་བྱུང་ཞེས། །ལབ་པའི་ཞེ་སར་ཕྱགས་ཕེབས་གནང་བྱུང་ཞུས། །
མི་ཡི་ལུས་ཀྱི་མགོ་དང་ལས་སོགས་འགོར། །ཞེ་སའི་ནང་དུ་དབུ་ཞེས་ཟེར་བས་ན། །
དེ་ལས་བྱུང་བའི་ཞེ་སའི་རྣམ་གྲངས་ནི། །ཅུང་ཟད་མང་བས་གསལ་བར་སྨྲས་ན་ནི། །
དབུ་སྐྲ་དབུ་སྐྱེས་དབུ་ལོ་ཞེས་པ་རྣམས། །ཐམས་ཅད་སྐྲ་ཡི་ཞེ་ས་ཡིན་པ་དང། །
དབུ་ཁྲིད་འགོ་ཁྲིད་མགོ་བསྐོར་བཏང་པ་ལ། །ཞེ་སའི་ནང་དུ་དབུ་བསྐོར་ཞུས་པ་ཟེར། །
གུར་ལ་དབུ་གུར་མགོ་བོ་ན་བ་ལ། །དབུ་བསྙུང་ཞེས་དང་ལས་དོན་གང་ཡིན་རུང། །
ཐོག་མར་འགོ་འཛུགས་བྱས་པར་དབུ་འཛུགས་ཏེ། །དབུ་འཐོམས་ཞེས་པ་མགོ་བོ་འཐོམས་པའི་དོན། །
དབུ་ཐོད་དཔྲལ་བ་དབུ་གདུགས་ཉི་གདུགས་དང། །དབུ་བླ་ཞེས་པ་བླ་མའི་གཙོ་བོ་སྟེ། །
རི་དང་དགོན་པ་སོགས་ཀྱི་རྩེ་མོ་ལ། །ཞེ་སའི་ནང་དུ་དབུ་རྩེ་ཞེས་སུ་གྲགས། །
ལས་སོགས་གང་ཡིན་ཐོག་མར་འགོ་ཚུགས་པར། །དབུ་ཚུགས་ཟེར་ཞིང་ཞྭ་མོར་དབུ་ཞྭ་དང། །
དབུ་རིལ་ཞེས་པ་སྐྲ་མེད་མགོ་རིལ་མིང། །དབུ་མཛད་ལགས་ཞེས་འདོན་པར་བསྐུལ་མཁན་ནོ། །
ལག་ཤེས་མཁས་པའི་བཟོ་པའི་གཙོ་བོར་ཡང། །ཞེ་སའི་ནང་དུ་དབུ་མཛད་ལགས་ཞེས་ཟེར། །
དབུ་བཞུགས་ཞེས་པ་མགོ་ལ་སྡོད་མཁན་དང། །མགོ་བོའི་རྨོག་ལ་དབུ་རྨོག་ཟེར་བ་ཡིན། །
མགོ་བོ་རྨོངས་པར་དབུ་རྨོངས་ཞེས་ཟེར་ཞིང། །དབུ་རས་མགོ་རས་དབུ་འཕང་གོ་འཕང་དང། །
དབུ་ལྕོག་སྤ་ལྕོག་དབུ་མནའ་མནའ་ལ་ཟེར། །དབུ་རུས་ཞེས་པ་མགོ་ཡི་རུས་པའི་མིང། །
དབུ་འཁོར་ཞེས་པ་དཔོན་དང་ཞབས་ཕྱིའི་མིང། །དབུ་ཟླུམ་ལབ་ན་སྐྲ་མེད་མགོ་རིལ་ཏེ། །
དབུ་བསིལ་བ་ནི་མགོ་བོ་བཀྲུས་པ་དང། །མ་ཉེས་ཁག་གཡོགས་འཁེལ་ན་དབུ་ཉེས་ཟེར། །
བླ་དཔོན་ལ་སོགས་རང་ལས་མཐོ་བ་ལ། །སྤྲོད་པའི་ཞེ་སར་འབུལ་ལམ་ཕུལ་ཟེར་བས། །
ཕུལ་དང་འབུལ་གཉིས་འདས་དང་ད་ལྟའི་ཁྱད། །སྤྲོད་ལེན་བྱས་པར་འབུལ་བཞེས་གནང་བ་ཟེར། །
འབུལ་སྐྱེས་འབུལ་ཆས་འབུལ་རྟེན་འབུལ་རྫས་རྣམས། །ཚང་མར་གོང་མར་སྤྲོད་རྒྱུའི་དངོས་རྫས་མིང། །
འབུལ་དངུལ་ཞེས་པ་སྤྲོད་རྒྱུའི་དངུལ་ལ་ཟེར། །ལག་རྟགས་བཏང་པར་འབུལ་རྫོངས་ཞུས་ཡོད་ལབ། །
འབུལ་ལམ་ཞུས་པར་གོང་མར་སྤྲོད་པའི་དོན། །འབུལ་མི་སྤྲོད་མི་འབུལ་ཡུལ་སྤྲོད་ཡུལ་དང་། །
འབུལ་དོན་སྤྲོད་དོན་འབུལ་བྱང་ཁ་བྱང་སྟེ། །འབུལ་ཡིག་ཅེས་པ་སྤྲོད་རྒྱུའི་ཡི་གེར་ཟེར། །
ཚེམས་ཞེས་སོ་ཡི་ཞེ་ས་ཡིན་པས་ན། །སོ་ལ་ན་ཟུག་གཏོང་བར་ཚེམས་བསྙུང་ཟེར། །
ཚེམས་ཕྲེང་སོ་ཕྲེང་ཚེམས་ཤིང་སོ་ཤིང་མིང། །ཚེ་གཟིམ་གནང་བ་ཉལ་བའི་ཞེ་ས་ཡིན། །
མཚན་ཞེས་མིང་གི་ཞེ་ས་ཡིན་པས་ན། །མཚན་ཐོ་མིང་ཐོ་མཚན་རྟགས་མིང་རྟགས་ཏེ། །
མཚན་གཞུང་མིང་གཞུང་མཚན་སྙན་སྐད་གྲགས་དང། །མཚན་བྱང་མིང་བྱང་མཚན་ཤས་མིང་ངན་ནོ། །
མཛད་པ་མཛད་འཕྲིན་ལས་ལ་གོ་བས་ན། །མཛད་དོན་ལས་དོན་མཛད་སྤྱོད་ཀུན་སྤྱོད་ལ། །
མཛད་འཁུར་བཞེས་པ་ལས་འཁུར་བླངས་པའི་མིང། །ལས་བྲེལ་ཆེ་བར་མཛད་བྲེལ་ཆེ་བ་ཟེར། །
མཛད་ཚུལ་ཞེས་པ་བྱེད་ཚུལ་སྤྱོད་ཚུལ་ཡིན། །མཛད་བཟང་ཞེས་པ་སྤྱོད་པ་ཡག་པོའི་མིང། །
མཛད་རྣམ་ཞེས་པ་ལོ་རྒྱུས་རྣམ་ཐར་དང། །མཛད་རིམ་ཟེར་བ་མཛད་སྒོའི་ལས་རིམ་མོ། །
ཞལ་ནི་ཁ་དང་གདོང་གི་ཞེ་ས་ཡིན། །ཞལ་དཀར་དཀར་ཡོལ་ཞལ་བཀྱག་དཀར་ཡོལ་དེ། །
འཇོག་སའི་བཀྱག་ཡིན་ཞལ་ཏ་བསླབ་བྱ་སྟེ། །ངག་བཀོད་བྱས་པར་ཞལ་བཀོད་གནང་བའོ། །
ཞལ་སྐྱེམས་ཁ་སྐོམ་སྐྱེམས་པ་ཆང་གི་མིང། །ཁ་འདོན་བྱས་པར་ཞལ་འདོན་གནང་བ་དང། །
བསླབ་བྱ་བརྒྱབས་པར་ཞལ་གདམས་གནང་བ་ཟེར། །ཞལ་ཁེབས་ཞེས་པ་གདོང་ངམ་ཁ་ཡི་ཁེབས། །
ཞལ་སྡེར་སྡེར་མ་ཞལ་བྱང་ཁ་བྱང་དང། །ཁ་དྲོ་ཞེས་པར་ཞལ་དྲོ་ཟེར་བ་ཡིན། །
འབག་ལ་ཞལ་འབག་སྐད་ཆར་ཞལ་མོལ་དང། །ཞལ་མོལ་གནང་བ་སྐད་ཆ་བྱས་པའི་དོན། །
ཁ་མདོག་མེད་ན་ཞལ་མདོག་མི་འདུག་དང། །ངོ་ཚ་སྐྱེས་པར་ཞལ་རས་ཚ་བ་ཟེར། །
ངོ་ཤེས་པ་ཡི་ཞེ་སར་ཞལ་ཚོར་དང། །སྐྱག་རྫུན་བཤད་པར་ཞལ་རྫུན་གནང་བ་ཟེར། །
ཁས་ལེན་བྱས་པར་ཞལ་བཞེས་གནང་བ་དང། །ངོ་ཐུག་བྱུང་བར་ཞལ་མཇལ་བྱུང་བར་གྲགས། །
ཞལ་ཟས་ཁ་ཟས་གདོང་པ་མཐོང་བ་ལ། །ཞེ་སའི་ནང་དུ་ཞལ་གཟིགས་ཐོབ་པ་ཟེར། །
ཞལ་རས་གདོང་པ་ཞལ་མདངས་གདོང་པའི་མདངས། །གད་མོ་བསླངས་པར་ཞལ་ཤོབ་གནང་བ་ཟེར། །
ཁ་གསལ་མེད་ན་ཞལ་གསལ་མི་འདུག་དང། །གདོང་པ་འཁྲུ་བར་ཞལ་བསིལ་གནང་བ་ཟེར། །
ཁ་པར་གཏོང་བར་ཞལ་པར་འབུལ་བ་དང། །སྐྱུག་པ་སྐྱུགས་པར་ཞལ་སྐྱུག་གནང་བ་ཟེར། །
ཞལ་ཁེབས་ཕོར་པའི་ཁེབས་གཅོད་ཡིན་པ་དང། །ཞལ་དཀྲིས་ཁ་ལ་དཀྲི་བྱེད་རས་ཀྱི་མིང། །
ངག་རྒྱུགས་སྤྲོད་པར་ཞལ་རྒྱུགས་འབུལ་བ་དང། །ཞལ་སྔ་ནས་ཞེས་མདུན་ནས་ལབ་པའི་དོན། །
ཁ་ཆུ་འཛགས་པར་ཞལ་ཆུ་འཛགས་པ་དང། །ཞལ་གཅོད་ཅེས་པར་ཕོར་པའི་ཁ་གཅོད་ཡིན། །
གཟུགས་བརྙན་གདོང་ལ་གསེར་ཆུ་བྱུགས་པ་ལ། །ཞེ་སའི་ནང་དུ་ཞལ་སེར་སྒྲོན་པ་ཟེར། །
ཞལ་གདམས་གདམས་ངག་ཞལ་འདོན་ཁ་འདོན་ལ། །ཞལ་རས་ཞལ་ཁྱིམ་གཉིས་ན་གདོང་ལ་འཇུག །
ཞལ་འཁྲིད་ཅེས་པ་དཔེ་འཁྲིད་གནང་བ་དང། །ཞལ་གྱེས་ཁ་བྲལ་ཞལ་གྲངས་ཁ་གྲངས་ཡིན། །
ཞལ་རྒྱན་ཞལ་ཚོམ་གཉིས་ཀ་ཁ་སྤུ་དང། །ཞལ་ངོ་གདོང་དང་ཞལ་རྒྱུན་ངག་རྒྱུན་ནོ། །
ཞལ་སྔ་འགྲམ་དང་ཞལ་རྩོད་ཁ་རྩོད་ཡིན། །ཞལ་ཆད་ཁ་དན་ཞལ་ཆེམས་ཁ་ཆེམས་དང། །
ཞལ་མཆུ་མཆུ་ཏོ་ཞལ་ཐང་བྲིས་ཐང་ལགས། །ཞལ་མཐུན་ཁ་མཐུན་ཞལ་བཞུགས་གསོན་པོར་གནས། །
ཞལ་ལག་ཁ་ལག་ཞལ་ཤོབ་ཀུ་རེ་དང། །ཞལ་བཤུས་ངོ་བཤུས་ཞལ་སློབ་དངོས་སློབ་བོ། །
ཞུགས་མེ་ཞེས་པ་མེ་ཡི་ཞེ་ས་དང། །ཞུགས་ཤིང་ཟེར་བ་ཐབ་ཀྱི་མེ་ཤིང་མིང། །
རོ་སོགས་མེ་ལ་བསྲེགས་པའི་ཞེ་ས་ལ། །ཞུགས་འབུལ་ཞུས་པ་ཟེར་ཞིང་སྐད་ཆ་སོགས། །
ལབ་པའི་ཞེ་སར་ཞུས་པ་ཞེས་ཟེར་ཞིང། །ཞབས་ཞེས་རྐང་པའི་ཞེ་ས་ཡོངས་གྲགས་ཡིན། །
ཞབས་བཀྱག་ཞབས་སྟེགས་སྡོད་སའི་རྐུབ་བཀྱག་དང། །ཞབས་སྒྲོག་ཅེས་པ་ལྷམ་སྒྲོག་སྐུད་པའི་མིང། །
ཞབས་བཅགས་གནང་བ་ཕྱིན་པའི་ཞེ་ས་སྟེ། །འཆམ་འཆམ་བྱས་པར་ཞབས་འཆམ་གནང་བ་ཟེར། །
འཇུར་ཏར་ཞབས་འཇུར་ཞབས་རྗེས་རྐང་རྗེས་ཏེ། །ཞབས་ཏོག་ཞུས་པ་གཡོག་པོ་རྒྱུགས་པའི་དོན། །
བླ་མ་བསྟེན་པར་ཞབས་ལ་གཏུགས་པ་ཟེར། །ཞབས་རྟིང་ཞེས་པ་རྟིང་པའི་ཞེ་ས་ཡིན། །
ཞབས་ཐང་ཕེབས་པ་རྐང་ཐང་ཕྱིན་པ་དང། །ཞབས་མཐིལ་རྐང་མཐིལ་ཞབས་དོར་དོར་མའོ། །
ཞབས་ཕྱགས་ལྷམ་ཡིན་ཞབས་ཀྱི་དྲུང་དུ་ནི། །ཉེ་བའི་འགྲམ་དུ་ཞེས་པའི་ཞེ་སར་གྲགས། །
དངུལ་ལ་སོགས་པའི་རྐང་པའི་རྐང་གདུབ་ལ། །ཞབས་གདུབ་ཟེར་ཞིང་ཞབས་འདེགས་ཞུས་པ་ནི། །
གཡོག་པོ་རྒྱུགས་པའི་དོན་དང་འདམ་སོགས་ལ། །རྐང་འདྲེད་ཤོར་ན་ཞབས་འདྲེད་ཤོར་བ་ཟེར། །
ཞབས་འདྲེན་རྐང་འདྲེན་ཞབས་རྡོལ་རྐུབ་རྡོལ་ཏེ། །ཞབས་ཕྱི་ཞབས་འབྲིང་གཉིས་ཀ་གཡོག་པོ་དང། །
ཞབས་འཕོང་ཞབས་འབོག་གཉིས་ཀ་རྐུབ་ལ་ཟེར། །ཞབས་སུ་ཨོ་སུ་ཞབས་པད་བཀའ་བློན་མཚན། །
ཞབས་གླ་གླ་ཡོན་ཞབས་རྗེན་རྐང་རྗེན་དང། །ཞབས་ལོ་གཞུང་ལས་བྱས་པའི་ལོ་ལ་གོ།
ཞབས་སོར་འཁོད་པ་སླེབས་པའི་ཞེ་ས་དང། །ཞབས་ཐོས་གཞུས་ནི་རྡོག་ཐོས་གཞུས་པའོ། །
ཞབས་བསིལ་ཞེས་པ་རྐང་པ་འཁྲུ་བའི་དོན། །ཞབས་ཕྱི་ཞུས་པ་གཡོག་པོ་རྒྱུགས་པར་ཟེར། །
མི་འགྱུར་བརྟན་པར་ཞབས་པད་བརྟན་པ་དང། །རྐང་པའི་མཛུབ་མོར་ཞབས་མཛུབ་ཟེར་བ་ཡིན། །
ཞབས་བྲོ་རྐང་བྲོ་བཞིན་རས་གདོང་ལ་ཟེར། །གདོང་པ་མཛེས་པོ་ཡོད་པའི་བུ་མོ་ལ། །
བཞིན་རས་མཚར་པོ་འདུག་ཅེས་ལབ་ན་འགྲིག །དེ་ཡིས་འཛུམ་མུལ་བྱས་ན་བཞིན་འཛུམ་ཟེར། །
དགའ་བའི་སེམས་ཀྱིས་འཛུམ་དམུལ་བྱས་པ་ལ། །ཞེ་སའི་ནང་དུ་དགྱེས་འཛུམ་གནང་བར་གྲགས། །
བཞུགས་པ་བསྡད་པ་ཁྲི་ལ་བཞུགས་ཁྲི་ཟེར། །བཞུགས་གདན་ཞེས་པ་གདན་གྱི་ཞེ་ས་ཡིན། །
བཞུགས་གདན་འཇགས་ཞེས་སྡོད་དང་ལབ་པའི་དོན། །སྡོད་སྟངས་མི་ཤེས་བཞུགས་སྟངས་མི་འདུག་ཟེར། །
བཞུགས་གནས་སྡོད་གནས་བཞུགས་བྱང་ཁ་བྱང་ལ། །བཞུགས་རོགས་གནང་ཞེས་སྡོད་ཨང་ལབ་པའི་དོན། །
སྡོད་ལོང་མི་འདུག་ལབ་པའི་ཞེ་ས་ལ། །བཞུགས་ལོངས་མི་འདུག་ལབ་ན་འགྲིག་པ་ཡིན། །
བཞུགས་ས་སྡོད་ས་ཞུགས་སླང་མེ་སླང་དང། །བཞེས་པ་ཟས་དང་བླངས་པ་གཉིས་ཀའི་དོན། །
བཞེས་སྒོང་སྒོ་ང་བཞེས་ཐུར་ཐུར་མ་དང། །བཞེས་ཐུག་ཐུག་པ་བཞེས་བག་བག་ལེབ་ལ། །
བཞེས་འབྲས་འབྲས་དང་བཞེས་མོག་ཅེས་པ་ནི། །མོག་དང་མོག་མོག་གཉིས་ཀའི་ཞེ་ས་ཡིན། །
བཞེས་ཚལ་ཚལ་དང་བཞེས་ཚོད་སྔོ་ཚོད་མིང། །བཟའ་ལོང་མེད་དང་འཐུང་ལོང་མི་འདུག་ན། །
ཞེ་སའི་ནང་དུ་བཞེས་ལོང་མི་འདུག་དང། །ཁོའུ་ཙེའི་(ཐུར་མ)ཞེ་སར་བཞེས་ཙེ་(བཞེས་ཐུར)ཟེར་བ་ཡིན། །
གད་མོ་དགོད་པར་བཞད་མོ་བཞད་པ་དང། །ཡར་ལ་ལངས་དང་སྐུ་སོགས་བཟོ་བ་ཡི། །
གཉིས་ཀའི་ཞེ་སར་བཞེངས་པ་ལབ་ན་འགྲིག །སེམས་ཀྱི་འདོད་པར་ཐུགས་ཀྱི་བཞེད་པ་ཟེར། །
བཞེད་རྒུ་ཞེས་པ་འདོད་པ་ཐམས་ཅད་དང། །བཞེད་དགོངས་ཞེས་པ་སེམས་ཀྱི་བསམ་པའི་དོན། །
བསམ་དོན་འགྲུབ་པར་བཞེད་དོན་འགྲུབ་པ་ཟེར། །མིག་གིས་བལྟ་བར་སྤྱན་གྱིས་གཟིགས་པར་གྲགས། །
མཐོང་སྣང་མཐོང་བར་གཟིགས་སྣང་གཟིགས་པ་དང། །ལྟད་མོ་བསྟན་པར་གཟིགས་འབུལ་ཞུས་པ་ཟེར། །
ལྟད་མོར་གཟིགས་མོ་ལྟད་མོ་བལྟ་མཁན་ལ། །ཞེ་སའི་ནང་དུ་གཟིགས་མོ་བ་ཞེས་ཟེར། །
ཅ་ལག་ཉོ་བར་སྤུས་གཟིགས་གནང་བ་དང། །གཟིགས་དང་ཞེས་པ་ལྟོས་དང་ལབ་པའི་དོན། །
གཟིམ་ཁང་ཁང་པ་གཟིམ་ཁྱི་ཁྱི་ཡི་མིང། །གཟིམ་ཁྲི་ཞེས་པ་ཉལ་ཁྲིའི་ཞེ་ས་ཡིན། །
གཟིམ་ཆས་ཉལ་ཆས་གཟིམ་ཏོག་ཆབ་ཏོག་ལ། །གཟིམ་པ་ཉལ་བ་གཟིགས་ཞིབ་བལྟ་ཞིབ་སྟེ། །
གཟིམ་སྤོས་སྤོས་དང་གཟིམ་མལ་མལ་ཆས་ལ། །གཟིམ་ཞུ་ཞེས་པ་ཞུ་མར་གསལ་ཞུའི་མིང། །
གཟིམ་རོགས་ཉལ་རོགས་གཟིམ་ཤག་ཁང་པའི་མིང། །གཟིམ་ས་ཉལ་ས་ཤངས་ནི་སྣ་བུག་ལ། །
ཤངས་ཁྲག་སྣ་ཁྲག་ཤངས་ཐ་སྣ་ཐ་སྟེ། །ཤངས་ཕྱིས་ཞེས་པ་སྣ་ཡི་སྣབས་ཕྱིས་མིང། །
བཤུམས་པ་ངུ་བ་ཆོས་པའི་སྐྱེ་དམན་ལ། །ཞེ་སའི་ནང་དུ་གསང་ཡུམ་ཞེས་ཟེར་ཞིང། །
ཉན་པར་གསན་པ་གསུང་དང་གསུང་སྐད་གཉིས། །སྐད་ཀྱི་ཞེ་ས་ཡིན་པས་ཁྱད་པར་མེད། །
གསུང་གླུ་གླུ་དང་གསུང་གླེང་གཏམ་གླེང་ལ། །ཤིན་ཏུ་བྱིན་བརླབས་ཅན་གྱི་སྐུ་སོགས་ཀྱིས། །
གློ་བུར་སྣང་མེད་སྐད་ཆ་བཤད་བྱུང་ན། །སྐུ་འདི་གསུང་བྱོན་ཡིན་ཞེས་སྐད་གྲགས་བྱེད། །
གསུང་དབྱངས་སྐད་དབྱངས་སྐད་ཆ་བསྒྱུར་བ་ལ། །གསུང་བསྒྱུར་ཟེར་ཞིང་བླ་མས་ཆོས་བཤད་པར། །
བླ་མས་གསུང་ཆོས་གནང་ཞེས་ཟེར་བ་དང། །གསུང་འཕྲིན་ཞེས་པ་འཕྲིན་དང་ཡི་གེར་བརྗོད། །
གསུང་སྙན་སྐད་སྙན་གསུང་གི་དབང་ཕྱུག་ནི། །ངག་གི་དབང་ཕྱུག་ཅེས་པའི་ཞེ་ས་ཡིན། །
གསུང་རོགས་གནང་ནི་ལབ་དང་ཟེར་བའི་དོན། །ལེགས་སྦྱར་བཤད་པར་གསུང་བཤད་གནང་ཞེས་ཟེར། །
གསུང་གཞས་གཞས་དང་གསུང་གསལ་ལབ་པ་བཞིན། །གསོལ་ཀྲུམ་ཤ་དང་གསོལ་ཅོག་ཅོག་ཙེའི་མིང། །
གསོལ་ཆང་ཆང་དང་གསོལ་ཇ་ཇ་ལ་ཟེར། །གསོལ་དམ་ཇ་དམ་གསོལ་མདོང་ཇ་མདོང་མིང། །
གསོལ་སྡེར་སྡེར་མ་གསོལ་ཐང་ཇ་ཐང་དང། །གསོལ་ཐབ་ཐབ་དང་གསོལ་དཔོན་ཐབ་གཡོག་མིང། །
གསོལ་ཕོགས་གླ་ཕོགས་གསོལ་བ་བཏབ་པ་ནི། །ལྷ་དང་བླ་མར་སྨོན་ལམ་བརྒྱབས་པའི་དོན། །
གསོལ་འབིང་ཇ་འབིང་གསོལ་མར་མར་ལ་ཟེར། །གསོལ་ཞིབ་གསོལ་རྩམ་གཉིས་ཀ་རྩམ་པར་བརྗོད། །
གསོལ་ཚིགས་ཁ་ལག་གསོལ་རས་རྔན་པ་ལ། །ནད་སེལ་སྨན་གྱི་ཞེ་སར་གསོལ་སྨན་ཟེར། །
སྐུ་མགྲོན་ལ་སོགས་ཕེབས་པའི་གནས་སྐབས་སུ། །དམིགས་བསལ་ཁ་ལག་སྒྲིག་པའི་ཞེ་ས་ལ། །
གསོལ་སྟོན་བཤམས་པ་ཟེར་ཞིང་འདི་ཡི་རིགས། །ཕལ་ཆེར་རྒྱལ་ཁབ་དབར་གྱི་དཔོན་པོར་མང། །
བུ་ལ་སྲས་དང་བུ་མོར་སྲས་མོ་ལགས། །སྲས་སྲོས་ཞེས་པ་ཕྲུ་གུའི་ཞེ་ས་ཡིན། །
ཨ་མའི་གཅེན་མོ་གཅུང་མོ་གང་ཡིན་ལ། །ཞེ་སའི་ནང་དུ་སྲུ་མོ་ལགས་ཞེས་ཟེར། །
རང་གི་ཕ་ཡི་གཅེན་པོ་གཅུང་པོ་ལ། །ཨ་ཁུ་ལགས་དང་ཁོང་གི་གཅུང་མོའམ། །
ཡང་ན་གཅེན་མོར་ཨ་ནེ་ལགས་ཞེས་དང། །ཨ་མའི་གཅེན་པོ་གཅུང་པོར་ཨ་ཞང་ལགས། །
འདི་ལྟར་ལེགས་པར་བསྒྲིགས་པའི་ཞེ་སའི་ཚིག །ཚིག་བཟང་གཡུ་བྱུར་སྤེལ་མའི་དོ་ཤལ་འདི། །
འདི་ཉིད་ཙམ་དུ་རེ་ཞིག་རྫོགས་སོང་ན། །ན་གཞོན་མཛེས་མའི་མགུལ་གྱི་རྒྱན་དུ་ཕུལ། །
བྷོ་ཊའི་སྐད་ཀྱི་ཞེ་སར་སྐྱོན་མེད་ན། །དེབ་ཆུང་འདི་ལ་ཐེ་ཚོམ་བཟའ་དགོས་མེད། །
འོན་ཀྱང་གནས་དང་དུས་ཀྱི་ཁྱད་པར་གྱིས། །སྐབས་འགར་འདྲ་མིན་སྐད་ཀྱི་ཆོས་ཉིད་ལགས། །
མི་ཤེས་གཞན་ལ་སློབ་པའི་ཚུལ་འཆོས་ཀྱིས། །མི་འཇོན་འཇོན་མདོག་བྱས་པ་མ་ཡིན་ཀྱང། །
མི་མཐུན་རྐྱེན་དང་འཕྲད་པའི་རང་སྐད་འདི། །མི་ཉམས་འཛིན་སྤེལ་ཞབས་ཞུར་ཕན་ཆེད་བརྩམས། །
དེ་མིན་འདི་ཉིད་བརྩམས་དོན་གཞན་ཞིག་ནི། །ཞེ་ས་མི་ཤེས་སྔོ་ལོ་འཕྱར་སྲིད་སྟབས། །
དེས་ན་རང་སྐད་བརྗེད་པའི་བྱིས་པར་ཚོར། །ཕན་ཆེད་བདག་གིས་དོ་འཁུར་བླངས་པ་ཡིན། །
རང་གི་སེམས་ལ་གང་དྲན་གཞིར་བཞག་ཐོག །མཁས་པའི་གསུང་རྩོམ་རིགས་ལ་ཁུངས་སུ་གཏུགས། །
ཉམས་མྱོང་ལྡན་པའི་མི་དང་གོ་བསྡུར་བྱས། །དེ་ཡི་ཕྱིར་ན་ཁུངས་ལུང་མེད་པའང་མིན། །
སྦས༷་གནས་ཉེར་བཞིའི་ནང་ཚན་གསང་བའི་ཡུ༷ལ། །འབྲ༷ས་ལྡན་ཤིང་རིགས་སྣ་ཚོགས་སྐྱེ་བའི་ལྗོང༷ས། །
ལྗོངས་འདིར་ས་འབྲུག་ས་ཟླའི་ཚེས་གཅིག་ཉིན། །འགོ་བརྩམས་བཅོ་ལྔའི་ཉིན་མོ་ལེགས་པར་བྲིས། །
འོན་ཀྱང་ཐུགས་སྣང་ཅན་ཚོས་གཟིགས་བདེའི་ཆེད། །གོ་གཅིག་བོད་ཀྱི་ལོ་དང་སྟབས་བསྟུན་ནས། །
ཀ་ཁའི་གོ་རིམ་བཞིན་དུ་སླར་ཡང་འདིར། །བསྐྱར་དུ་སྒྲིག་པའི་ངལ་བ་བདག་གིས་བླངས། །
གལ་ཆེར་དགོངས་ནས་ཤེས་རིག་ལས་ཁུངས་ཀྱིས། །དཔར་ཐེངས་གཉིས་པའི་སྦྱིན་བདག་མཛད་པར་བརྟེན། །
ད་རེས་འདི་རུ་ཚིགས་བཅད་ཉི་ཤུ་བསྣན། །དེ་ལ་གཞིགས་པའི་ཚིག་གསར་སྣ་ཚོགས་འཕར། །
འདི་ལྟར་འཕར་སྣོན་བྱེད་པའི་ཁུར་གཙོ་བོ། །ཤེས་རིག་ལས་བྱེད་མཁས་དབང་ཆུང་ཚེ་རིང། །
ལགས་ཀྱིས་དམིགས་བསལ་མ་བསྐུལ་དང་བླངས་ཀྱིས། །བཞེས་པའི་རླབས་ཆེན་བཀའ་དྲིན་བདག་གིས་དྲན། །
རྣམ་དག་ལྷག་པའི་བསམ་པའི་བྲིས་པ་འདིར། །བསྟོད་ཅིང་བསྔགས་འོས་ཡོན་ཏན་ཅི་མཆིས་པ། །
དེ་རྣམས་ཐམས་ཅད་སྔོན་བྱོན་མཁས་པའི་དྲིན། །ཡིན་ཕྱིར་དྲིན་འདི་མ་བརྗེད་སེམས་ལ་ཞོགས། །
འོན་ཀྱང་འདི་ལ་ལྷག་དང་ཆད་པ་སོགས། །བློ་གྲོས་དམན་པའི་སྟབས་ཀྱིས་གང་ནོར་བ། །
འདི་རྣམས་ཐམས་ཅད་བདག་གི་སྐྱོན་ཡིན་པས། །གཟུར་གནས་མཁས་པའི་ཚོགས་ལ་དགོངས་སེལ་ཞུ། །
སྔོན་ལས་དབང་གི་ཚེ༷་འདིར་ཤེས་ཡོན་ལ། །སྦྱང་བརྩོན་བྱེད་པའི་དབ༷ང་ཆ་ཐོབ་པར་བརྟེན། །
གང་ཤེས་ངག་གི་རྟ༷་ལ་བསྐྱོན་པའི་གླུ། །ཀུན་ལ་ཕན་ཕྱིར་མགྲི༷ན་པ་གཟེངས་ཏེ་བླངས། །
བླངས་པའི་གླུ་འདིས་གཞན་ལ་ཕན་པའི་ཚེ༷། །ཚེ་འདིར་དཀའ་ལས་བརྒྱབས་པར་འབྲས་བུ་སྨི༷ན། །
སྨི༷ན་པའི་འབྲས་བུ་གཡུར་དུ་ཟ་བ་འདི༷། །འདི༷་ཕྱིའི་ལམ་བཟང་བསྒྲུབ་པའི་རྒྱུ་རུ་བསྔོ། །

ཆེད་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
དཔར་ཐེངས་དང་པོའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༢)
ཞེ་སའི་ཚིག་མཛོད།(༣)
བོད་ཀྱི་ཞེ་ས།(ཆུང་ཚེ་རིང)

སྔོན་མ།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཕྱི་མ།
ཞེ་སའི་ཚིག་མཛོད།(༡)