ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་རིགས་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་ནི་དེ་སྔ་ལས་ཡར་རྒྱས་ཕྱིན་འདུག
ཕྱི་ལོ་ ༢༠༡༤ ལོར་བོད་སློབ་ཁག་གི་སློབ་ཕྲུག་གྲངས་ ༣༢༡ གྱི་བརྒྱ་ཆ་ ༧༥ ཡན་ལོན་ཡོད། འདི་ལོར་བོད་རིགས་སློབ་མ་གྲངས་ ༤༤༣ བརྒྱ་ཆ་ ༧༥ ཡན་ལོན་ཡོད་པར་བརྟེན། སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༣༨ འཕར་ཆ་བྱུང་ཡོད།
ཕྱི་ལོ་ ༢༠༡༤ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་མ་གྲངས་ ༡༠ བྱུང་ཡོད། འདི་ལོར་རྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་མ་གྲངས་ ༡༦ བྱུང་བས་སློབ་མ་ ༦ མང་རུ་ཕྱིན་ཡོད། འདི་ལོའི་ཚན་རིག་སྡེ་ཚན་གྱི་ཨང་དང་པོའི་ཁོངས། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཱི་ཆིས་ཀཱོ་ཡཱ་མཱ་སཱ་ཀཱི་ལ་བརྒྱ་ཆ་ ༩༣། ཨང་གཉིས་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་བསྟན་འཛིན་ཀུན་བཟང་ལ་བརྒྱ་ཆ་ ༩༢་༦། ཨང་གསུམ་པ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྒྲོལ་མ་ལ་བརྒྱ་ཆ་ ༩༡་༨། ཐོབ་ཡོད་པ་དང་། ཚོང་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ་མོན་གྷོན་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་སེང་གེ་ལ་བརྒྱ་ཆ་ ༩༡་༤། ཨང་གཉིས་པ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་ཆེན་ལ་བརྒྱ་ཆ་ ༩༡༌༢། ཨང་གསུམ་པ་མ་སུ་རི་གཏན་སློབ་ཀྱི་སློབ་མ་ཀརྨ་ཚེ་བརྟན་ལ་བརྒྱ་ཆ་ ༩༠་༤ ཐོབ་ཡོད།
སྒྱུ་རྩལ་གྱི་སྡེ་ཚན་ཁོངས་ནས་ཨང་དང་པོ་སྦིར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཤ་བོ་ཆོས་བསྟན་ལ་བརྒྱ་ཆ་ ༩༣༌༢། ཨང་གཉིས་པ་སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་རིན་ཆེན་གཡུ་སྒྲོན་ལ་བརྒྱ་ཆ་ ༩༢། ཨང་གསུམ་པ་སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྒོམ་རྒྱལ་ལ་བརྒྱ་ཆ་ ༩༡་༢། ཐོབ་ཡོད།
འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བཞི་ཡོད་པ་ནི། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭ་དང་། སྦིར་སུ་ཇཱ་བོད་ཁྱིམ། ཌལ་ཧོར་གཏན་སློབ། གྷོ་པལ་སྤུར་བོད་ཁྱིམ་བཅས་ཡིན།
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་(AISSCE) ནང་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་གྲངས་ ༡༤༣༡ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༣༠༦ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༠༠ ཡོད། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢༥ བཅས་བྱུང་འདུག
འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༡།༢༦ ཡིན་པ་དང། དེའི་ནང་ནས་བུ་ཡིག་རྒྱུགས་གཏོང་མཁན་གྲངས་ ༦༩༡ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༦༠༣ བྱུང་ཡོད། ༼འཕྲོད་ཚད་བརྒྱ་ཆ་ ༨༧།༢༦ དང་།༽ བུ་མོ་ཡིག་རྒྱུགས་གཏོང་མཁན་གྲངས་ ༧༤༠ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༧༠༣ བྱུང་བ་དང་། ༼འཕྲོད་ཚད་བརྒྱ་ཆ་ ༩༥། ༽བཅས་ཡིན་འདུག འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད།

སྔོན་མ།
རྒྱ་བལ་གཉིས་ཀྱི་མཐོ་རིམ་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཚོགས་པ།
ཕྱི་མ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་།