༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མ་སུ་རི་བོད་ཁྱིམ་ནས་རེ་སྐུལ་ཞུས་དོན་བཞིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༡ བར་ཉིན་གསུམ་རིང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་མ་སུ་རི་སློབ་གྲྭ་དབུས་མ་དང་རཱཇ་པུར་བོད་ཁྱིམ། རི་ཤི་ཀེ་བོད་ཁྱིམ་བཅས་སློབ་གྲྭ་གསུམ་གྱི་དགེ་རྒན་རྣམས་དང་། ཁྱིམ་ཚང་གི་མ་མ་དང་ཕ་ཚབ། སློབ་ཕྲུག་གི་ཕ་མ། སློབ་ཕྲུག་བཅས་ལ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་བ་དང་འབྲེལ་དགེ་སློབ་དང་ཕ་མ་རྣམ་པའི་དོགས་དྲི་ཁག་ལ་ལན་འདེབས་གནང་ཡོད། ཕྱི་ལོ་ ༢༠༡༡ སློབ་དུས་ནས་བཟུང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་སྔོན་འགྲོ་ནས་ལག་བསྟར་གནང་འགོ་བཙུགས་ཡོད་པ་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་རྣམས་རིམ་བཞིན་དཔེ་སྟོན་སློབ་གྲྭར་ཉམས་གསོག་བདུན་གཅིག་རིང་གནང་རྒྱུའི་འཆར་འགོད་ཞུས་ཏེ་ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ ༡༥ བར་ཐེངས་དང་པོ་གནང་ཟིན་པ་དང་། ཐེངས་གཉིས་པ་ཕྱི་ཟླ་ ༡༡ ནང་གནང་གཏན་འཁེལ་ཡོད་པ་བཅས།།
ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།