ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་གྱི་ངོ་བོ་གོ་བདེར་འགྲེལ་བ།

སློབ་དགེ་རྡོ་རྗེ་རིན་ཆེན།

    རྩ་བ། ༡༽ ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ།
    ༡༽ང་ཡི་སློབ་དཔོན་མཐོང་བ་དོན་ལྡན་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ་ཕྱི་རོལ་ཡུལ་གྱི་འདས་མ་ད་གསུམ་གྱི་མིང་བརྡ་རྣམ་དབྱེ་དང་བཅས་པའི་དོན་རྣམས་ཀྱི་གོ་རྒྱ་ལ་བར་དུ་གཅོད་པའི་མི་ཤེས་པའི་རྨོངས་པ་ཐམས་ཅད་རྣམ་པར་གཅོད། ཡུལ་ཤེས་བྱ་དེ་དག་གི་དོན་རྣམས་གཤིས་ཕྱིན་པར་ཤེས་པ་ཡོངས་གཅོད་དུ་གྲུབ།  དེ་སྟབས་ཀྱིས་ཡུལ་ཅན་ནང་གི་ཤེས་པའི་ནུས་པ་རིམ་གྱིས་སད་པ་ནས་སྨིན་པ་དང་། སྨིན་པ་ནས་ཡོངས་སུ་རྫོགས་པའི་རིམ་པ་གསུམ་བར་བྱེད་པའི་མིའི་ནང་ནས་གཙོ་བོའམ་མཆོག་ཁྱོད་ཀྱི་ཤེས་རྒྱུད་དམ་སེམས་ཀྱི་གཤིས་ཀ་ནི་དེ་ལྟ་བུའི་ཡོན་ཏན་ཅན་ཞིག་ལ་སུས་ཀྱང་ངོས་འཛིན་བྱ་རྒྱུ་ལས་མ་འདས་སོ། །   
    རྩ་བ། ༢༽ ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་འཛིན་པ་ཙམ་ལ་མི་འཛིན་པར། ཐོས་པའི་དོན་ལ་རང་སྟོབས་ཀྱིས་བསམ་པས་ངེས་པ་རྙེད་པ་དང་། བསམ་པའི་དོན་ལ་ཡང་ཡང་གོམས་པས་མཐར་ཕྱིན་པར་བྱེད་པ་སྟེ། གཞན་ལས་ཐོས་པ་དང་། རང་གིས་དཔྱད་པ། དེ་ལ་ཡང་ཡང་གོམས་པ་གསུམ་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།
    ༢༽ཡང་ང་ཡི་སློབ་དཔོན་མཐོང་བ་དོན་ལྡན་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ་ཡོངས་འཛིན་སོགས་གཞན་ལས་ཐོས་པའི་དོན་རྣམས་ཡིད་ལ་འཛིན་པ་དེ་ཙམ་ཁོ་ན་ཞིག་གཙོ་བོར་མི་འཛིན་པར། གང་ནས་ཐོས་པའི་དོན་རྣམས་ལ་རང་སྟོབས་ཀྱིས་ལེགས་པར་བསམ་པས་ཐོས་དོན་རྣམས་རེ་རེ་བཞིན་ཡོད་མེད་དང་ཡིན་མིན་སོགས་ཀྱི་སྒྲོ་འདོགས་བཅད་ནས་ངེས་པ་རྙེད་པའམ་ཇི་བཞིན་ཤེས་པ་དང་། བསམ་པའི་དོན་རྣམས་འང་རེ་རེ་བཞིན་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པས་སྟོབས་ཀྱིས་བསླབས་པའི་དོན་རྒྱ་མཚོའི་ཕ་རོལ་ཏུ་བདེ་བར་མཐར་ཕྱིན་པར་བྱེད་པར་རབ་ཏུ་བརྩོན་ཅིང་།  དེ་ལའང་དང་པོ་ཡོངས་འཛིན་སོགས་གཞན་ལས་ཤེས་བྱ་དག་གི་དོན་རྣམས་རབ་ཏུ་ཐོས་པ་དང་། བར་དུ་ཐོས་དོན་རྣམས་བཏང་སྙོམས་སུ་མི་འཇོག་པར་རང་གིས་རིག་པས་དཔྱད་པ། མཐའ་མར་དཔྱད་པའི་དོན་ལ་ཡང་ཡང་གོམས་པ་དང་འདྲིས་པའི་རིམ་པ་གསུམ་དང་ལྡན་པ་ཞིག་ནས་ད་གཟོད་ཤེས་ཡོན་ཅན་ཞིག་ཏུ་གྱུར་པར་ངོས་འཛིན་བྱ་རྒྱུ་ལས་མ་འདས་སོ།།
    རྩ་བ། ༣༽ ཤེས་ཡོན་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་།  སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱ་རྒྱུ།
    ༣༽ཡང་ང་ཡི་སློབ་དཔོན་མཐོང་བ་དོན་ལྡན་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བཀྲ་བ་དང་། རིགས་དྲུག་གི་འགྲོ་བ་ཐམས་ཅད་མར་ཤེས་པའི་འདུ་ཤེས་སོགས་ཀྱིས་ཀུན་ལ་ཆགས་སྡང་དང་ཉེ་རིང་བྲལ་ཞིང་། རྨི་ལམ་དུའང་འགྲོ་བ་སེམས་ཅན་སྤྱི་ལ་ཕན་གདགས་པའི་སེམས་པས་སེམས་རྒྱུད་ཞི་བ་ནས་རབ་ཏུ་ཞི་བར་བྱེད་པའི་བྱང་ཆུབ་སེམས་ཀྱི་ཐབས་ཚུལ་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་ཡོན་ཏན་དམིགས་བསལ་ལམ་ཁྱད་པར་བ་དང་ལྡན་པས་ན།  ཀུན་གྱིས་ཁྱེད་ནི་ཤེས་ཡོན་པ་ཞིག་ལ་རྩོད་མེད་དུ་ངོས་འཛིན་བྱ་རྒྱུ་མ་འདས་སོ།།
    རྩ་བ། ༤༽ཤེས་ཡོན་ཞེས་པ་སྤྱི་སྒེར་གྱི་ཚུལ་མིན་བྱ་སྤྱོད་བཟང་སྤྱོད་དུ་སྒྱུར་བྱེད་ཀྱི་ནང་གི་འཕྲུལ་རིག་གཙོ་བོ་ཞིག་ལ་ངོས་འཛིན་བྱ་རྒྱུ།
    ༤༽བདག་ཉིད་ཆེན་པོ་གན་དྷི་རྗེ་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ།  སྤྱི་བ་གཞུང་ངམ་ཚོགས་པ་དང་།སྒེར་བ་མི་སྒེར་གྱི་ལུས་ངག་ཡིད་གསུམ་གང་རུང་གི་བྱ་སྤྱོད་མ་རབས་ཅན་ཏེ།  ཚུལ་བཞིན་དྲང་བོ་མིན་པའི་བྱ་བ་དང་སྤྱོད་པ་རྣམས་བཟང་སྤྱོད་ཅན་དུ་སྒྱུར་བྱེད་ཀྱི་ནང་གི་ཤེས་པའི་འཕྲུལ་རིག་སྟེ་བློའི་ནུས་རྩལ་གཙོ་བོ་ལ་བརྟེན་ནས། མི་རིགས་དང་སྐད་ཡིག་འདྲ་མིན་ལས་གྲུབ་པའི་རྒྱ་གར་སྤྱི་ཚོགས་འདི་བཞིན་ཕུ་ནུ་མིང་སྲིང་ལྟ་བའི་མཛའ་བཤེས་སུ་འཆང་བ་མ་ཟད། “གལ་ཏེ་མི་གཅིག་གི་སེམས་རྒྱུད་ལ་ཕན་བདེ་ཐོབ་ན།  འཇིག་རྟེན་གྱི་སྐྱེ་བོ་ཡོངས་ལ་དེ་ཐུན་མོང་དུ་ཐོབ་དགོས་”ཞེས་པ་ལྟ་བུའི་རབ་ཏུ་རྒྱ་ཆེ་བའི་སེམས་སྐྱེད་ཀྱིས་ཁྱེད་ནི་བྱམས་བརྩེའི་བདག་ཉིད་ཅན་གྱི་ཤེས་ཡོན་ཅན་ཞིག་ལ་ཀུན་གྱིས་ངོས་འཛིན་བྱ་རྒྱུ་ནི་སྨོས་མ་དགོས་པ་ཞིག་གོ།།

གྷན་ངྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས་ཤོག་གྲངས་ ༡༧༣ ཐོག་གསལ།

    རྩ་བ། ༥༽ཤེས་ཡོན་ཞེས་པ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཀྱི་ཐབས་ལམ་ཙམ་ཞིག་ཏུ་མི་འཛིན་པར། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་བྱེད་དང་། ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱ་རྒྱུ།
    ༥༽ ཡང་བདག་ཉིད་ཆེན་པོ་གྷན་དྷི་རྗེ་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ།  ཁྱེད་ཀྱིས་ཤེས་ཡོན་ནི། རང་གི་ཚེ་འདིའི་འཚོ་བ་སྟེ་ལྟོ་གོས་སོགས་ཀྱི་ལོངས་སྤྱོད་དང་།  མི་སྡེའི་སྤྱི་ཚོགས་ནང་མི་ཚེ་སྐྱེལ་བྱེད་ཀྱི་ཐབས་ལམ་ཙམ་ཞིག་ཏུ་ངོས་བཟུང་མེད་པ་ནི། ༡ “ལོངས་སྤྱོད་སྤངས་པ་དེ་ནི་བདག་ལ་དོན་ཕན་བཟང་པོ་ཞིག་ཏུ་གྱུར། བདག་གི་ཆོག་ཤེས་དེ་ལ་མི་གཞན་གྱིས་ཡ་འགྲན་བྱས་ན་ཅི་མ་རུང་སྙམ།  དེ་ནི་བདག་གིས་དབང་བའི་ནོར་བུའི་གཏེར་མཛོད་མཆོག་ཡིན་པས། བདག་གིས་དབུལ་ཕོངས་ཀྱི་ལམ་བསྟེན་ཡང་། རང་ཉིད་འབྱོར་ལྡན་གྱི་སྐྱེས་བུ་ཞིག་ཡིན་ཞེས་ཡིན་ཀྱང་སྨྲ་བར་འོས།  ཞེས་དང་།་་་་་་་་་་་་་་་་་་་དེ་ལྟ་བུའི་མི་ཚེ་དེ་ནི་གཞན་དོན་ཁོ་ནའི་ཆེད་དུ་ཡོངས་སུ་དམིགས་པ་ཞིག་ཏུ་ངེས་པར་དགོས། ” ཞེས་དང་།   ༢ “བདག་ཅག་གི་ཀུན་སློང་ལ་རིམ་པ་གཉིས་ཡོད། རང་དོན་དང་གཞན་དོན་ནོ། རང་གཅེས་འཛིན་གྱིས་འདོད་པ་ཚང་མ་ཚུལ་མིན་ཡིན་ལ། གཞན་ལ་ཕན་པའི་སླད་དུ་རང་གི་ཉེས་སྐྱོན་སེལ་བར་འདོད་པ་དེ་ཡང་དག་པའི་ཚུལ་ཁྲིམས་ཤིག་ཡིན། ”  ཞེས་རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་བྱེད་དེ་ཡང་དག་པའི་ཚུལ་ཁྲིམས་ལ་ངོས་བཟུང་པ་དང་།   ཀུན་ལས་མཆོག་ཏུ་གྱུར་པའི་ཚུལ་ཁྲིམས་ནི་འགྲོ་བ་མི་རྣམས་ཀྱི་བདེ་སྐྱིད་སླད་དུ་ལ་རེ་བ་མེད་པའི་སྲི་ཞུ་སྒྲུབ་རྒྱུ་དེའོ་ཞེས་པས་ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་ཇི་ལྟར་སྒྲུབ་ཐབས་དང་།  བྱམས་པ་ལ་ཟད་མཐའ་མེད་པ་བཅས་དགའ་བདེའི་འབྱུང་ཁུངས་དེ་དག་ལ་བདག་གིས་ཡིད་ཆེས་འགྱུར་བ་མེད་པ་བྱེད་ཅིང་ཡོད་དོ་ཞེས་པས་བྱམས་པ་ནི་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་འདོད་པ་སོགས་ཀྱིས་རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་མཆོག་ནི་རང་གི་འདོད་ཡོན་ལོངས་སྤྱོད་ལ་ཆོག་ཤེས་དང་། བཟོད་སེམས་ཅན། ཀུན་ལ་བྱམས་བརྩེའི་འདུ་ཤེས་ལྡན་པའི་ཤེས་ཡོན་ཅན་ཞིག་ལ་གཟུར་གནས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མཐའ་གཅིག་ཏུ་ངོས་འཛིན་བྱ་རྒྱུ་ལས་མ་འདས་སོ།།      

༡ གྷན་ངྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས་ཤོག་གྲངས་ ༡༦༢ ནས་ ༡༦༣ བར་གསལ།
༢ གྷན་ངྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས་ཤོག་གྲངས་ ༧༦ ཐོག་གསལ།

    རྩ་བ། ༦༽ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང་། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།
    ༦༽ཡང་བདག་གི་སློབ་དཔོན་མཐོང་བ་དོན་ལྡན་རྗེ་ཆོས་ཅན། ཤེས་ཡོན་ཅན་ཡིན་ཏེ།  མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ནི།  བདག་ཡོད་ན་ནི་གཞན་དུ་ཤེས།།   བདག་འཛིན་ཆ་ལས་འཛིན་དང་སྡང།།  དེ་དག་དང་ནི་ཡོངས་འབྲེལ་ལས།། ཉེས་པ་ཐམས་ཅད་འབྱུང་བར་འགྱུར།། ཞེས་གསུངས་པ་ལྟར་མི་འདོད་པའི་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ངོས་བཟུང་ཞིང་དོན་དམ་པར་སྡུག་བསྔལ་རྒྱུ་དང་བཅས་པ་རྩད་ནས་སྤངས་ཀྱང་། ཐུན་མོང་སྣང་ཚུལ་ལ་སྡུག་བསྔལ་རྒྱུ་དང་བཅས་པ་སྤོང་བཞིན།   རང་རྒྱུད་རྟོག་པའི་སྡུག་བསྔལ་གྱིས།  གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།། ཡང་དག་ཟད་པར་ཀུན་ནས་འདོད།། ཅེས་བྱང་ཆུབ་ལམ་སྒྲོན་ལས་གསུངས་པ་ལྟར་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག  ཡང་འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་བཞིན་པ་ནི།  འདོད་པའི་བདེ་བ་བདེ་འགྲོ་དང་། དེའི་རྒྱུ་ནི་གཞན་ལ་མི་འཚེ་བ་དང་། བདེན་པ། མ་བྱིན་པར་མི་ལེན་ཞིང་བྱིན་ནས་ལེན་པ། ཇི་སྲིད་འཚོ་བའི་བར་དུ་ཚངས་པར་སྤྱོད་པའི་གཞི་དག་ཡོངས་སུ་བླངས་ནས་མི་ཚངས་སྤྱོད་སྤོང་བ། འཛིན་པའམ་ཆགས་ཞེན་དོར་བའི་བྱ་སྤྱོད་རྣམས་བླང་བར་བརྩོན་ཅིང་། དེ་ལས་ལྡོག་པ་དོར་བྱ་སྟེ་གནས་དེ་གཉིས་ཀྱི་གང་ལ་འཇུག་དགོས་པ་དང་གང་ལས་ལྡོག་དགོས་ཐད། རང་སྟོབས་ཀྱིས་བྱེད་པའི་ནུས་པ་དང་ལྡན་པའི་ཤེས་ཡོན་ཅན་ཞིག་ལ་ཀུན་གྱིས་ངོས་འཛིན་བྱ་རྒྱུ་ནི་སྨོས་མ་དགོས་སོ།། (སློབ་དཔོན་རྟ་དབྱངས་ཀྱིས།   མི་འཚེ་བ་དང་བདེན་པ་དང་།།  བྱིན་ནས་ལེན་དང་ཚངས་པར་སྤྱོད།། འཛིན་པ་ཐམས་ཅད་བཏང་བ་ནི།།  འདི་ནི་བདེ་འགྲོའི་སྤྱོད་པ་ཡིན།། ཞེས་གསུངས་ཡོད།)

ཤེས་ཡོན་གྱི་ངོ་བོ།

    སྐབས་འདིར་བསྟན་གྱི་ཤེས་ཡོན་ནི། བོད་ཀྱི་རིག་གནས་རྐྱང་བའི་དབང་དུ་བྱས་ན། རིག་པའི་གནས་ཆུང་བ་ལྔ་དང་ཆེ་བ་ལྔ་སོགས་ནི་ཤེས་བར་བྱ་བའི་གནས་ཡིན་སྟབས་ཤེས་བྱ་ཞེས་མིང་གིས་བསྙད་པ་དང་། རིག་པའི་གནས་དེ་དག་བསླབས་ནས་ངེས་པའི་བློའམ་ནུས་པ་ལ་ཡོན་ཏན་ཞེས་བརྗོད། སའི་སྙིང་པོའི་མདོ་ལས་ཡོན་ཏན་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་བཤེས་གཉེན་བསྙེན་བཀུར་བ་འདི་ལས་བྱུང་བར་བལྟའོ།། ཞེས་པས་མཚོན་པ་དང་། མདོར་ན་ཤེས་བྱ་ནི་ཁྱད་གཞི་ཡིན་པ་དང་། ཡོན་ཏན་ནི་ཤེས་བྱ་དེའི་ཁྱད་ཆོས་ཡིན། དེ་གཉིས་བསྡུས་མིང་ལ་ཤེས་ཡོན་ཞེས་མིང་བཏགས་པ་དང་།  མི་ཤེས་ཡོན་ཅན་ཞེས་པའང་ཤེས་བྱ་སྦྱངས་ནས་དེའི་ནུས་པ་ཐོན་མཁན་གྱི་གང་ཟག་ལ་ཤེས་ཡོན་ཅན་ནམ་ཤེས་ཡོན་པ་ཞེས་བརྗོད་པ་ཡིན།
ངོ་བོ། ངོ་བོ་ནི་གོ་སླ་སྟེ་སྟབས་བདེར་བརྗོད་ན། རང་བཞིན་ནམ་གཤིས་ཀ་ལ་ཟེར། དཔེར་ན་ནད་ལ་ངོ་བོའི་སྒོ་ནས་ཚ་གྲང་གཉིས་ཡོད་པ་བཞིན། ཤེས་ཡོན་ལ་ངོ་བོའི་སྒོ་ནས་དབྱེ་ན། སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཏེ་༸གོང་ས་མཆོག་གི་ནམ་རྒྱུན་གསུང་བཞིན་པ་ལྟར་གཤོག་པ་གཉིས་ལྡན་གྱི་ཤེས་ཡོན་ཅན་ཞིག་བྱ་དགོས་ཞེས་པ་ལྟར་རོ། །
༼ ངོས་ཀྱི་བསམ་པར་ཤེས་ཡོན་ལ་སྡེ་ཚན་གཉིས་ཕྱེ་ཆོག་ཅིང་། དེ་ཡང་དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་གཅིག་དང་། རང་ཅག་བོད་ལ་གནའ་རབས་ནས་ཡོད་པའི་གཙོ་བོ་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་བཅས་ཡིན། སངས་རྒྱས་ཆོས་ལ་དད་པ་མེད་ཀྱང་སངས་རྒྱས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་སངས་རྒྱས་ཆོས་ལ་དད་པ་མེད་ཀྱང་སངས་རྒྱས་ཀྱི་ལྟ་གྲུབ་སྦྱང་འདོད་ཡོད་མཁན་ཡོང་ཆོག  ལྟ་གྲུབ་ལ་སྦྱངས་པའི་རྗེས་སུ་རང་གི་མི་ཚེའི་ནང་ལྟ་བ་དང་བསམ་བློའི་འཁྱེར་སོ་མི་འདྲ་བ་ཞིག་ཏན་ཏན་ཡོང་རྒྱུ་ཡིན། ༽

ཤེས་ཡོན་སྐོར་གྱི་གལ་ཆེའི་བཀའ་སློབ་གཅེས་བཏུས་ཤོག་གྲངས་ ༡༩༧ ཐོག་གསལ།

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་འགོ་འཛུགས་ཞུས།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་ཟློས་དགེ་ཟབ་སྦྱོང་མཇུག་བསྒྲིལ་བ།