ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་རྟོགས་ཞིབ་གནང་བཞིན་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༡ ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ལས་འཆར་འགན་འཛིན་འཇིགས་མེད་དབྱངས་ཅན་ལགས་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་གནས་སྟངས་རྟོགས་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་ཡོད།

དེ་ཡང་ཕྱི་ཚེས་ ༡༢ ཉིན་ཀོ་ལི་གྷལ་སམ་བྷོ་ཊ་སློབ་གྲྭ་དང་། ཀོ་ལི་གྷལ་དམའ་རིམ་སློབ་གྲྭ་བཅས་སུ་གཟིགས་སྐོར་ལ་ཕེབས་ཏེ་སློབ་གཉེར་བ་རྣམས་ལ་གསུང་བཤད་གནང་སྐབས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དཔེ་ཀློག་གི་གོམས་གཤིས་སྐྲུན་གལ་ཆེ་བའི་སྐོར་དང་། ཕྲུ་གུའི་རྣམ་དཔྱོད་གོང་འཕེལ་སླད་དམའ་རིམ་སློབ་གྲྭ་ནས་བཟུང་འབྲི་ཀློག་གི་གཤིས་ཀ་སྐྲུན་དགོས་པའི་སྐོར་འགྲེལ་བརྗོད་དང་སྦྲགས། འཛིན་གྲྭ་སོ་སོར་གཟིགས་སྐོར་གྱིས་དགེ་ལས་སློབ་ཕྲུག་དང་ལྷན་དུ་བཀའ་མོལ་གནང་བ་མ་ཟད། དགེ་ལས་རྣམས་ནས་སློབ་གཉེར་བའི་མདུན་ལམ་ཆེད་སྐུ་ངལ་ལྷད་མེད་སྐྱོན་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད།

དེ་བཞིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཕྲུ་གུའི་ཕ་མ་དང་ལྷན་ཐུག་འཕྲད་གནང་སྟེ་ཤེས་རིག་ལས་ཁུངས་དང་། དགེ་རྒན། ཕ་མ་གསུམ་ནས་ཕྲུ་གུའི་མདུན་ལམ་ཆེད་མཉམ་ལས་གནང་དགོས་པའི་སྐོར་དང་། ཤེས་རིག་ལས་ཁུངས་ནས་ཕ་མ་རྣམ་པར་གོ་རྟོགས་ལས་འགུལ་སྣ་ཚོགས་སྤེལ་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད། གཞན་ཡང་ཁོང་གིས་བྱིས་པ་འཁྲིག་སྤྱོད་ལས་སྲུང་བའི་ཁྲིམས་ཡིག་ (POSCO) སྐོར་འགྲེལ་བརྗོད་དང་ཆབས་ཅིག་སློབ་ཕྲུག་རྣམས་ལ་བཟང་ངན་རེག་པ་དང་། བརྙས་བཅོས་རིགས་ལས་ཐར་ཐབས་སྐོར་གོ་རྟོགས་སྤེལ་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༡༣ ཉིན་ཤེས་རིག་དྲུང་ཆེ་དང་ལས་འཆར་འགན་འཛིན་རྣམ་གཉིས་ཧུན་སུར་རབ་རྒྱས་གླིང་དུ་ཆེད་ཕེབས་ཀྱིས་སམ་བྷོ་ཊ་གུ་རུ་པུ་ར་དང་། དམའ་རིམ་སློབ་གྲྭར་གཟིགས་སྐོར་གནང་། སྐབས་དེར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། ཕ་མ་བཅས་ནས་ཕྲུ་གུའི་ཤེས་ཡོན་དང་བདེ་སྡུག་སླད་སྐུ་ལས་སྐྱོན་ཡོད་པས་ཁོང་རྣམ་པའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། དེ་བཞིན་ཕྲུ་གུ་རྣམས་ནས་བཟས་བཅུད་བསྟེན་སྟངས་དང་། ཁ་པར་རིགས་ལ་ལྟ་ཚོད་བཟུང་དགོས་པ། དཔྱོད་ཤེས་གོང་སྤེལ་གཏོང་དགོས་པའི་སྐོར་ལམ་སྟོན་གནང་། དེ་རྗེས་ཁོང་གིས་དགེ་རྒན་དང་ཕ་མ་ལྷན་ཚོགས་འདུ་བསྐོང་ཚོགས་ཀྱིས་ཕྲུ་གུའི་ཤེས་རིག་གོང་འཕེལ་ཆེད་ཤེས་རིག་ལས་ཁུངས་དང་། དགེ་རྒན། ཕ་མ་གསུམ་མཉམ་ལས་བྱ་དགོས་པ་མ་ཟད། ཕྲུ་གུའི་ཆེད་དུ་ཉེན་ཁ་མེད་པའི་ཁོར་ཡུག་སྐྲུན་གལ་ཆེ་བའི་སྐོར་གསུངས།

དེ་བཞིན་ཁོང་གིས་དགེ་རྒན་གྱི་ཆེད་ལས་ནི་རྩ་ཆེ་ཤོས་ཡིན་པ་དང་། ད་བར་དགེ་རྒན་རྣམས་ནས་ལྷག་བསམ་གཡོ་མེད་ངང་ཕྱག་ལས་གནང་བར་བསྔགས་བརྗོད་གནང་ཞིང་། ཕ་མ་རྣམས་ནས་ཕྲུ་གུའི་བཟས་བཅུད་བསྟེན་ཕྱོགས་ལ་དོ་སྣང་དང་། ཕྲུ་གུར་དཔེ་ཀློག་གོམས་གཤིས་འཇགས་ཐབས་ཐད་འབད་རྩོལ་གནང་དགོས་པའི་ལམ་སྟོན་གནང་།

མཐར་ཁོང་གིས་ཤེས་རིག་ལས་ཁུངས་ནས་ཕྲུ་གུའི་ཤེས་ཡོན་དང་སྤྱི་ཡོངས་ཀྱི་བདེ་སྡུག་ལ་སེམས་ཁུར་ཆེ་བཞེས་ཀྱིས་འབད་རྩོལ་གནང་རྒྱུ་ཡིན་པ་དང་། ཕ་མ་རྣམས་ནས་ཀྱང་དེ་ལྟར་གནང་དགོས་པའི་རེ་སྐུལ་གནང་ཡོད། ཧུན་སུར་ཁུལ་གྱི་གཟིགས་སྐོར་ལེགས་གྲུབ་བྱུང་མཚམས་ཁོང་རྣམས་བེལ་ཀོབ་དང་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་བོད་སློབ་ཁག་ཏུ་རྟོག་ཞིབ་གཟིགས་སྐོར་སླད་ཕེབས་འཆར་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་འགོ་འཛུགས་གནང་བ།
ཕྱི་མ།
བོད་སྒྱུར་སྒྲུང་དེབ་ཁག་གི་ཞུ་དག་ལེགས་གྲུབ་ཟིན་པ།
Menu