༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༧ ནས་ ༢༩ བར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྣེ་ཁྲིད་པའི་སྤོན་ཊ་དང་། སྤུ་རུ་ཝ་ལ། ཧར་བྷཊ་སྤུར། གླིང་ཚང། དོན་གྲུབ་གླིང་བཅས་སུ་རྟེན་གཞི་བྱས་པའི་སློབ་ཁག་གི་གཞུང་འབྲེལ་གཟིགས་སྐོར་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་དང་། སྐབས་དེར་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ལྷན་བཅར་ཞུས་འདུག དེའང་ཐོག་མ་ཟླ་ ༡༠ ཚེས་ ༢༧ ཉིན་སྔ་དྲོ་ཆུ་ཚོད་ ༦:༠༠ ཐོག་དྷ་ས་ནས་ཕྱིར་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༤:༠༠ ཙམ་ལ་སྤོན་ཊ་གཏན་སློབ་ཀྱི་མགྲོན་ཁང་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་གཙོས་ས་གནས་ཀྱི་མཛད་གཙོ་རྣམ་པ་དང་། གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་གཙོས་དགེ་ལས་རྣམས་ནས་ཕེབས་བསུ་ཞུས།
ཕྱི་ཉིན་ཟླ་ ༡༠ ཚེས་ ༢༨ ཉིན་སྔ་དྲོ་ཆུ་ཚོད་ ༩:༠༠ ཐོག་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཀྱི་རྒྱལ་སྒོར་སློབ་གྲྭའི་སློབ་སྤྱི་གཙོས་དགེ་ལས་རྣམས་ནས་རྔ་རོལ་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་སློབ་གྲྭའི་འདུ་འཛོམས་ཁང་(Conference Hall) དུ་དགེ་ལས་ཚང་འཛོམས་སར་ཐོག་མར་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ནས་སློབ་གྲྭའི་ལས་བསྡོམས་དང་ཕེབས་བསུའི་གསུང་བཤད་གནང་། དེ་རྗེས་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས་ཕྲུ་གུ་རྣམས་རང་ཉིད་ཀྱི་བུ་ཕྲུག་ལྟར་བྱམས་བརྩེའི་ངང་ནས་གསོ་སྐྱོང་གནང་སྟེ་ཕྲུ་གུའི་ཤེས་སྤྱོད་གཙང་གསུམ་འབུར་དུ་ཐོན་པ་དགོས་གལ་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་གྱི་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་དང་ལྡན་པའི་སློབ་སྟོན་གནང་དགོས་པའི་སྐོར། དགེ་ལས་རྣམས་རང་ཉིད་ཀྱི་ལས་འགན་ཇི་ཡིན་ཐོག་ཧུར་ཐག་འབད་ཐག་གནང་དགོས་པ་བཅས་ཀྱི་ལམ་སྟོན་གནང།
དེ་ནས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་གནས་སྟངས་དང་། ལྷག་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ནང་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་བབས་འོག་སློབ་གྲྭ་ཁག་ཟླ་སྒྲིལ་དང་ཁུ་བསྡུ་གནང་དགོས་ཀྱི་གནས་སྟངས་ཆགས་སྐོར་གསུང་བཤད་གནང་། ཁོང་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕ་མ་དང་ཕྲུ་གུའི་དབར་འབྲེལ་ལམ་བཟང་པོ་གནས་ཐབས་སུ་ཆུང་དུས་ཕྲུ་གུ་ཕ་མའི་མཉམ་དུ་གཤིབས་དགོས་པ་གལ་ཆེ་ཡིན་པ་མ་ཟད། གཞིས་ཆགས་སྲ་བརྟན་ལའང་ཕན་ཐོགས་ཆེ་བ་བཅས་ལ་བརྟེན་གཞི་རིམ་འོག་མའི་བར་གྱི་སློབ་གྲྭ་རྣམས་གཞིས་ཆགས་ཁག་ཏུ་གནས་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་སྐོར་དང། སྤོན་ཊ་གཏན་སློབ་ལྟ་བུར་མཚོན་ན་ལོ་མང་རིང་ཤེས་རིག་དང་སཾ་བྷོ་ཊ་གཉིས་ནས་ལས་གཞི་སྣ་མང་ཞིག་དམིགས་བཀར་གྱིས་ལག་བསྟར་བྱས་ཡོད་པ་མ་ཟད་གྲུབ་འབྲས་ཡང་གང་འཚམས་ཐོན་ཡོད། འོན་ཀྱང་ཕྲུ་གུའི་གྲངས་འབོར་ལ་གཟིགས་ན་གཅིག་མཚུངས་ཆགས་བསྡད་ཡོད་སྐོར་སོགས་གསུངས། གཞན་ཡང་སྤྱི་ཡོངས་ནས་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་ཁོང་གིས། ཕྱིའི་མཐུན་རྐྱེན་གལ་ཆེན་པོ་ཡིན་ནའང་དེ་ལས་གལ་ཆེ་བ་ནི་ནང་བསམ་བློའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ཡིན་སྐོར་དང་། རང་རེའི་སློབ་ཕྲུག་རྣམས་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ཐོན་པོ་ལོན་ཐུབ་ཙམ་མ་ཡིན་པར། བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་ཕོད་པ་གསུམ་ལྡན་གྱི་ཕྲུ་གུ་གསོ་སྐྱོང་དགོས་པ། སྔོན་འགྲོ་དང་གཞི་རིམ་འོག་མའི་གནས་སྐབས་སུ་ཤེས་ཡོན་ཚད་ལྡན་སྤྲོད་དགོས་པ་དང། དེའི་ཐད་འབྲེལ་ཡོད་དགེ་རྒན་རྣམས་ལ་འགན་ཁུར་འཕར་མ་ཡོད་པ། དེ་བཞིན་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་དང་ཁོར་ཡུག་བསྐྲུན་དགོས་པ། ལྷག་པར་དུ་དགེ་རྒན་དང་ཕ་མ་རྣམས་ནས་དཔེ་ཀློག་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་བ་ཙམ་མ་ཡིན་པར། རང་ཉིད་དཔེ་ཀློག་ལ་རོལ་ནས་མིག་དཔེ་བཟང་པོ་སྟོན་དགོས་སྐོར་གསུངས། མཐར་དགེ་ལས་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།
དེ་རྗེས་སྤུ་རུ་ཝ་ལར་ཕེབས་ཐོན་གྱིས་སྤུ་རུ་ཝ་ལ་ཉིན་སློབ་ཀྱི་དགེ་ལས་རྣམས་ལ་གསུང་བཤད་དང་། སློབ་གྲྭའི་སྡེ་ཚན་ཁག་གི་གནས་སྟངས་རྒྱུས་ལོན་དང་གཟིགས་ཞིབ་གནང་། ཉིན་རྒྱབ་ཆུ་ཚོད་ ༢:༤༥ ནས་ ༣:༤༥ བར་ཧ་སྤུར་ཉིན་སློབ་ཀྱི་ཕྲུ་གུའི་ཕ་མ་རྣམས་ཐུགས་འཕྲད་ཀྱིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་འོག་ཕ་མ་རྣམས་ལ་ཕྲུ་གུའི་ཤེས་ཡོན་དང་འབྲེལ་བའི་བློ་འཚབ་དང་དོགས་འདྲི་ཇི་ཡོད་ཁག་ལ་གསན་ཞིབ་གནང་རྗེས། ཤེས་རིག་དྲུང་ཆེ་ནས་སྤྱིར་བཏང་ད་ལྟའི་ཆར་སློབ་གྲྭ་འདི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་འོག་ཡོད་ཅིང་། འོན་ཀྱང་མ་འོངས་རྩིས་སྤྲོད་རྩིས་ལེན་གྲུབ་མཚམས་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་ནུས་པ་སྔར་ལྷག་འདོན་རྒྱུ་ཡིན་པ་དང། རྒྱ་གར་ཕྲུ་གུའི་སློབ་འཇུག་དང་སློབ་དོད་གནང་ཕྱོགས་སྒྲིག་གཞི་གཞིར་བཟུང་མུ་མཐུད་གནས་རྒྱུ། དགེ་རྒན་ཚད་ལྡན་བསྐོ་གཞག་གནང་རྒྱུ་སོགས་ཡང་སྙིང་ཕྲུ་གུའི་ཤེས་ཡོན་ལ་དོ་ཕོག་མི་འགྲོ་བ་ཞིག་གནང་རྒྱུ་ང་ཚོའི་ལས་འགན་ཡིན་སྐོར་སོགས་དོན་ཚན་རེ་རེ་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་པ་གནང། དེ་ནས་གླིང་ཚང་གཞིས་ཆགས་སུ་ཕེབས་ཐོན་གྱིས་གླིང་གེ་སར་སློབ་གྲྭའི་དགེ་ལས་རྣམས་ཐུགས་འཕྲད་དང་། སློབ་གྲྭའི་གནས་སྟངས་རྒྱུས་ལོན་གནང་སྟེ་མུ་མཐུད་ཤེས་རིག་ལས་ཁུངས་སུ་འབྲེལ་ལམ་གནང་དགོས་པའི་ལམ་སྟོན་གནང་།
ཉིན་མཐའ་མར་ཟླ་ ༡༠ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༨:༡༥ ཐོག་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བདག་མོ་སྐལ་ལྡན་སྒྲོན་སྐྱིད་ལགས་མཇལ་འཕྲད་གནང་སྟེ་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྩིས་སྤྲོད་རྩིས་ལེན་དང་འབྲེལ་བའི་ལས་རིམ་སྐོར་དང་ཆབས་ཅིག ལས་དོན་མཐའ་དག་ལེགས་གྲུབ་ཡོང་སླད་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་ཐུགས་དམ་༸སྐྱབས་འཇུག་ཞུ་བརྒྱུད་ཡོང་བ་སྙན་གསན་ཞུས་འདུག
དེ་རྗེས་དོན་གྲུབ་གླིང་སློབ་གྲྭར་གཟིགས་སྐོར་གྱིས་དོན་གྲུབ་གླིང་ཚོགས་པའི་དྲུང་ཆེ་དང། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན། སློབ་གྲྭའི་འགན་འཛིན་བཅས་ནས་སྣེ་ལེན་ཞུས། ཤེས་རིག་དྲུང་ཆེ་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྩིས་སྤྲོད་རྩིས་ལེན་དང་། སློབ་གྲྭ་ཡོངས་ནང་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་འོག་སློབ་གྲྭ་ཟླ་སྒྲིལ་དང་ཁུ་བསྡུ་གནང་ཕྱོགས་སྐོར། ས་གནས་ཀྱི་དགོས་མཁོ་དང་གནས་སྟངས་ལ་དཔགས་པའི་མ་འོངས་སློབ་གྲྭ་དང་སློབ་ཕྲུག་གི་ཤེས་ཡོན་ཐོག་ཐག་གཅོད་གནང་དགོས་པ་དང། ལྷག་པར་དུ་ད་ལྟའི་ཆར་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་ཉུང་ཉུང་ལས་མེད་སྟབས་ཤེས་ཡོན་གྱི་སྤུས་ཚད་ཐོག་ཤུགས་སྣོན་རྒྱག་དགོས་པ་སོགས་ལམ་སྟོན་གནང་། དེ་རྗེས་སློབ་གྲྭའི་འགན་འཛིན་ནས་སློབ་གྲྭའི་གནས་སྟངས་འགྲེལ་བརྗོད་དང་། དྲུང་ཆེ་དང་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་བཅས་ནས་སློབ་གྲྭའི་སྡེ་ཚན་ཁག་ལ་གཟིགས་སྐོར་གནང། མཐར་ཉིན་གུང་ཆུ་ཚོད་ ༡༢:༠༠ ཙམ་ལ་དོན་གྲུབ་གླིང་ནས་ཐོན་ཏེ་དགོང་དྲོ་ཆུ་ཚོད་ ༡༠:༣༠ ཙམ་ལ་དྷ་སར་ཕྱིར་ཕེབས་གནང་ཡོད་འདུག་པ་བཅས།