ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་ལེགས་གྲུབ་བྱུང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་  ༢༥ ནས་ ༣༡ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་དང་། དགོན་སྡེ།  གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཡོད།

དེ་ཡང་གཟིགས་སྐོར་གྱི་མཇུག་ཏུ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སཾ་བྷོ་ཊ་སྦེལ་ཀོབ་དང་། གུ་ལ་ཐ་ལ། ཀཻ་ལཱཤ་པུ་ར། ཨར་ལི་ཀུ་མཱར། CVP སྦེལ་ཀོབ། ཅཽ་ཀུར། སྔོན་འགྲོའི་སློབ་གྲྭ། སྦེལ་ཀོབ་བོད་ཁྱིམ་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཞོགས་ཚོགས་སུ་ལྷན་ཞུགས་ཀྱིས་བྱེད་སྒོ་རྣམ་གཞག་ལ་གཟིགས་ཞིབ་དང་། ཤེས་ཡོན་གྱི་གལ་གནད། དེ་བཞིན་སྨྱོ་རྫས་དང་ཐ་མག་ཉལ་ཐ་ཡི་གནོད་སྐྱོན་བཅས་འཕྲོད་བསྟེན་གྱི་གལ་གནད་ཐོག་ལམ་སྟོན་གནང་ཡོད། དེ་ནས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ལ་གཟིགས་ཞིབ་གནང་བ་མ་ཟད། དགེ་སློབ་རྣམས་ལ་དགོས་ངེས་ལམ་སྟོན་གནང་རྗེས་སློབ་གྲྭའི་སྡེ་ཚན་ཁག་དང་། སྔོན་འགྲོའི་འཛིན་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་གི་ཕ་མ་རྣམས་དང་ལྷན་བཀའ་མོལ་གནང་ཞིང་། ཕྲུ་གུའི་རྒྱུད་ལ་བཟང་སྤྱོད་གོང་འཕེལ་གཏོང་གལ་སྐོར་གསུངས་པ་དང་སྦྲགས། སློབ་གྲྭའི་དགེ་ལས་རྣམས་ལ་སོ་སོའི་ལས་འགན་དང་། ཕྲུ་གུར་བྱམས་བརྩེ་དང་། བཟོད་སྒོམ་ཐོག་ནས་སློབ་ཁྲིད་གནང་དགོས་གལ་སྐོར་གསུངས།

ཕྱི་ཚེས་ ༢༦ ཉིན་ཤེས་རིག་བཀའ་བློན་མཆོག་གིས་ཚན་རིག་དང་། ཨང་རྩིས། ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ཐེངས་བདུན་པའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་བ་དང་། ཕྱི་ཚེས་ ༣༠ ཉིན་ཕྱི་ལོ་ ༢༠༢༤ ལོའི་སེ་ར་བྱེས་དབྱར་དུས་སློབ་གྲྭའི་མཇུག་སྡོམ་མཛད་སྒོའི་ཐོག་ཕེབས་ཞུགས་གནང་ཡོད།

ཕྱི་ཚེས་ ༣༡ ཉིན་སྦེལ་ཀོབ་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་། སེར་སྨད་ཐོས་བསམ་སློབ་གྲྭ། བཀྲ་ཤིས་ལྷུན་པོའི་སློབ་གྲྭ། རྣམ་གྲོལ་གླིང་དགོན་པ་བཅས་སུ་ཕེབས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སེར་བྱེས་སློབ་གྲྭའི་དགེ་རྒན་ཚོར་སློབ་གྲྭའི་ནང་དགེ་རྒན་ཞིག་གི་གལ་གནད་དང་འབྲེལ། སོ་སོའི་ལས་འགན་ཧུར་ཐག་གནང་དགོས་པ་གསུངས།

ཤེས་རིག་བཀའ་བློན་མཆོག་སྦེལ་ཀོབ་ཏུ་མ་ཕེབས་གོང་ཕྱི་ཚེས་ ༢༤ ཉིན་སཾ་བྷོ་ཊ་གུ་རུ་པུ་རར་ཕེབས་ཏེ་ཕ་མ་དང་། དགེ་ལས་རྣམས་ལ་ལམ་སྟོན་གསུང་བཤད་གནང་རྗེས་ཉིན་རྒྱབ་རྒྱུད་སྨད་དགོན་པའི་སློབ་གྲྭར་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཟླ་དྲུག་རིང་གི་བོད་ཡིག་དང་ནང་ཆོས་ཟབ་སྦྱོང་གི་སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་ཡོད། དེ་རྗེས་རྫོང་ཁར་ཆོས་སྡེ་འབྲིང་རིམ་སློབ་གྲྭར་གཟིགས་ཞིབ་གནང་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༢ ཉིན་ཤེས་རིག་བཀའ་བློན་མཆོག་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་དེ་བཞིན་ཤེས་རིག་ལས་ཁུངས་ངོས་ནས་བོད་སློབ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང་། བསམ་བློའི་ནུས་པ་གོང་འཕེལ་གཏོང་རྒྱུའི་ཐོག་འབད་བརྩོན་ཞིག་ཡིན་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༢༥ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་པར་སྐྲུན་དང་འགྲེམས་སྤེལ་གནང་བ།
Menu