ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༢༡ ནས་ ༢༧ བར་འདི་ག་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་ཉིན་བདུན་རིང་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་ཞིག་འཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་བདེ་སྲུང་ཁྱབ་ཁོངས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་དྲུང་འཕར་བསྟན་འཛིན་པདྨ། དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་བརྩོན་འགྲུས་བསམ་འཕེལ་ལགས་བཅས་དབུ་ཞུགས་ཐོག་མཇུག་བསྡོམས་མཛད་སྒོ་ཞིག་འཚོགས་གནང་ཡོད།

ཐོག་མར་བསྟན་འཛིན་པདྨ་ལགས་ནས་འཚམས་འདྲི་དང་སྦྲགས་ཚོགས་བཅར་བ་འགའ་ཞིག་ནས་ཉིན་བདུན་རིང་གི་ཟབ་སྦྱོང་དེའི་བརྒྱུད་རང་ཉིད་ལ་ཐོབ་པའི་མྱོང་ཚོར་མཉམ་སྤྱོད་གནང་སོང་། དེ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་ཚོགས་བཅར་བ་ ༦༦ ཕེབས་ཡོད་པ་རྣམས་ལ་འཚམས་འདྲི་དང་སྦྲགས། བཀའ་བློན་མཆོག་ནས་ད་ཐེངས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་སློབ་གྲྭ་ཁག་ནང་སཱི་ཤེས་ཡོན་གྱི་སློབ་གསོ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། འདི་གར་ཕེབས་པའི་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་ཚོས་འགན་བཞེས་པའི་ཐོག་ནས་སློབ་གྲྭའི་ནང་སྭི་ཤེས་ཡོན་གྱི་སློབ་གསོ་གང་མང་སྤེལ་དགོས་ཞེས་རེ་སྐུལ་གནང་སོང་ལ། སཱི་ཤེས་ཡོན་གྱི་སློབ་གསོ་དེ་སློབ་གྲྭ་ཁག་གི་ནང་དགེ་རྒན་ཚོས་ལག་སྟར་གནང་དགོས་པ་དང་དགེ་རྒན་གྱི་བཟང་སྤྱོད་ལས་སློབ་ཕྲུག་གི་བཟང་སྤྱོད་ལ་འགྱུར་བ་འགྲོ་ཡི་ཡོད་པ་ཡང་གསུང་སོང་།

སྐབས་དེར་ཚོགས་བཅར་བ་རྣམས་ལ་ཤེས་རིག་བཀའ་བློན་མཆོག་གིས་གསུང་དོན། དགེ་རྒན་ཚོས་བོད་སྐད་བསྐྱོན་པའི་སྐབས་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བསྐྱོན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཁོང་ནས་ཀྱང་དེའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་ངོ་སྤྲོད་གནང་སོང་། ད་དུང་ཁོང་གིས་སྤྱི་ཚོགས་བཟང་པོ་འགྱུར་པ་ལ་ཐོག་མར་ཁྱིམ་ཚང་དང་སློབ་གྲྭའི་ཁོར་ཡུག་དེ་བཟང་སྤྱོད་ལྡན་པ་ཞིག་བསྐྲུན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུང་སོང་།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ཚོགས་བཅར་བ་རྣམས་ལ་ལག་འཁྱེར་གནང་གྲུབ་མཚམས་ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་སྡེ་ཚན་འགན་འཛིན་ཚེ་རིང་དཔལ་འཛོམས་ལགས་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་བཙོན་འགྲུས་བསམ་འཕེལ་ལགས་དང་། ཌེ་ནི་ཌ་ (DANIDA) རོགས་ཚོགས། དེ་བཞིན་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བཅས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ་ཡོད། །


སྔོན་མ།
སྐམ་ཁབ་དང་གསོ་རིག་འཇམ་དཔྱད་ཀྱི་ཟབ་སྦྱོང་དང་སྐར་རྩིས་ལག་ལེན་གྱི་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཕེབས་ཞུགས་གནང་བ།