༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༢ ནས་ ༢༤ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གྲྭ་དང་མང་ཚོགས་དཔེ་མཛོད་དོ་དམ་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༢ ཉིན་ཤེེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། གྷོ་ཧ་མངའ་སྡེར་རྟེན་གཞི་བྱས་པའི་དཔེ་འབུ་ཚོགས་པའི་(Bookworm) སུ་ཇ་ཏ་ནོ་རོན་ཧ་ (Sujata Noronha) ལགས་དང་། ཨཱ་ནནྟ་ར་ཧོ་ (Anandita Rao) ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། འབྲེལ་ཡོད་ལས་བྱེད་བསོད་ནམས་གངས་བཟང་ལགས། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དཔེ་མཛོད་དོ་དམ་པ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དཔེ་མཛོད་དོ་དམ་པ་རྣམས་ནས་སློབ་གྲྭ་སོ་སོར་ལས་གཞི་སྣ་ཚོགས་བརྒྱུད་སློབ་ཕྲུག་དང་དགེ་རྒན་རྣམས་ལ་དཔེ་ཀློག་གོམས་གཤིས་བསྐྱེད་ཐུབ་ཚུལ་དང་། དཔེ་ཀློག་བྱེད་མཁན་ཚོར་ཡིག་ཆ་མཁོ་སྒྲུབ་ཆེད་དཔེ་མཛོད་ཧ་ཅང་གནད་འགག་ཆེན་པོ་ཆགས་ཚུལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དཔེ་མཛོད་ཁྱད་མཁས་པ་སུ་ཇ་ཏ་ནོ་རོན་ཧ་ལགས་དང་། ཨུ་ཤ་མུ་ཀུན་དཱ་ལགས་གཉིས་ནི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོར་དབུ་འཛུགས་ཞུས་པའི་དཔེ་མཛོད་ཀྱི་ལས་གཞི་བོད་སློབ་ཁག་ཏུ་ལག་བསྟར་ཞུ་ཕྱོགས་ཐད་ལམ་སྟོན་གནང་མཁན་གཙོ་གྲས་ཡིན། དབུ་འབྱེད་མཛད་སྒོའི་ཐོག་ལྕམ་ཨུ་ཤ་ལགས་ཀྱིས་དྲ་ཐོག་ནས་མཉམ་ཞུགས་པ་རྣམས་ལ་དཔེ་ཀློག་གི་གལ་གནད་ངོ་སྤྲོད་དང་། ཤེས་རིག་ལས་ཁུངས་ནས་འདི་ལྟ་བུའི་ཟབ་སྦྱོང་གོ་སྒྲིག་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༣ ནས་བཟུང་སློབ་གྲྭའི་དཔེ་མཛོད་ཡར་རྒྱས་དང་དཔེ་མཛོད་དོ་དམ་པའི་ནུས་ཤུགས་གོང་འཕེལ་ཆེད་ལས་གཞི་སྣ་ཚོགས་སྤེལ་ཡོད་པ་དང་། ཐེངས་འདིར་དཔེ་མཛོད་དོ་དམ་པའི་གལ་གནད་ངོས་འཛིན་ཞུ་རྒྱུ་མཚོན། ཁོང་རྣམ་པའི་ཆེད་ལས་ཡར་རྒྱས་སླད་དཔེ་མཛོད་དོ་དམ་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་ནང་དུ་སློབ་གྲྭའི་དཔེ་མཛོད་དོ་དམ་པ་སུམ་ཅུ་དང་མང་ཚོགས་དཔེ་མཛོད་དོ་དམ་པ་ལྔ་བཅས་མཉམ་ཞུགས་གནང་ཡོད་ཅིང་། མཉམ་ཞུགས་པ་རྣམས་ནས་སློབ་སྟོན་པ་རྣམས་ཀྱི་ལམ་སྟོན་འོག་དཔེ་མཛོད་དང་འབྲེལ་བའི་སྦྱོང་བརྡར་སྣ་ཚོགས་སུ་མཉམ་ཞུགས་གནང་ཡོད་པ་མ་ཟད། རྡ་སར་ཡོད་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དུ་མང་ཚོགས་དཔེ་མཛོད་ཀྱི་གནས་སྟངས་རྒྱུས་ལོན་ཆེད་དུའང་ཕེབས་ཡོད་པ་རེད།
ཕྱི་ཚེས་ ༢༤ ཉིན་གྱི་མཇུག་སྡོམ་མཛད་སྒོའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སློབ་སྟོན་པ་སུ་ཇ་ཏ་ལགས་དང་། ཨཱ་ནནྡི་ཏ་ར་ཧོ་ལགས། དེ་བཞིན་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཐེངས་འདིའི་ཟབ་སྦྱོང་ལེགས་པ་གྲོལ་ཡོད།
ཤེས་རིག་ལས་ཁུངས་ཀྱི་དཔེ་མཛོད་དང་འབྲེལ་བའི་ལས་གཞི་ཡོངས་རྫོགས་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཞུ་གི་ཡོད་པ་བཅས།།