རོགས་སྐྱོར་སྡེ་ཚན།

༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་དབུས་གཞུང་ནས་བོད་སློབ་ཟུར་འཛུགས་ཀྱིས་ཕྲུ་གུའི་ཤེས་ཡོན་རིན་མེད་དགོངས་བཞེས་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༧༥ ནས་བཟུང་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཕྲུག་ཕ་མའི་ངོས་ནས་སློབ་དོད་འབུལ་དགོས་པའི་བཀོད་ཁྱབ་འབྱོར། སྐབས་དེར་ཕ་མ་མང་པོ་ཞིག་གི་གནས་སྟངས་སྐྱོ་ཞིང་ཕྲུ་གུའི་སློབ་ཡོན་འབུལ་ཐབས་མེད་པར་བརྟེན། ཤེས་རིག་ལས་ཁུངས་ནས་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་གལ་ཆེ་དོན་ཆེན་དུ་བརྩིས་ཏེ། ཕྱི་རྒྱལ་རོགས་ཚོགས་ཁག་བརྒྱུད་སློབ་ཡོན་འབོད་སྐུལ་གནང་རྒྱུའི་ལས་རིམ་འགོ་འཛུགས་ཀྱིས་ད་ཡོད་སློབ་ཡོན་སྡེ་ཚན་འདི་བཙུགས་ཏེ་ཕྲུ་གུ་རྣམས་ལ་ཤེས་ཡོན་གོ་སྐབས་ཐོབ། རིམ་བཞིན་སློབ་ཕྲུག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སློབ་གྲྭ་ཁག་ནས་སློབ་ཕྲུག་ཐོན་འགོ་ཚུགས་ཏེ་མཐོ་རིམ་སློབ་ཡོན་འབུལ་རྒྱུ་སོགས་ལས་གཞི་རྒྱ་བསྐྱེད་བྱུང༌། མཐོ་རིམ་སློབ་ཡོན་དེ་ཡང་ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེ་བཏོག་གིས་བགོ་འགྲེམས་གནང་ལམ་ཡོད་པ་དང༌། ཕྱོགས་མཚུངས་ཉམ་ཐག་ཨང་ཐོབ་ཀྱི་ཕྲུ་གུ་རྣམས་ལ་དམིགས་བསལ་དགོངས་བཞེས་ཀྱིས་མཐོ་རིམ་སློབ་ཡོན་ཆ་བགོས་ཞུ་བཞིན་ཡོད་ལ། ད་ལྟའི་འཆར་སློབ་ཡོན་ཡོང་ཁུངས་གཙོ་བོ་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་དང༌། ཕྱི་རྒྱལ་རོགས་ཚོགས་ཁག བོད་རིགས་ཚོགས་སྒེར་འབྱོར་ལྡན་ཁག་ཅིག་ཆགས་ཡོད།
ཕྱི་ལོ་ ༢༠༠༤ ལོར་བཀའ་ཤག་གིས་སྒྲིག་འཛུགས་བསྐྱར་བཅོས་གནང་སྐབས། རོགས་སྐྱོར་སྡེ་ཚན་ཞེས་མིང་བསྒྱུར་ཐོག་ནང་གསེས་མཐོ་རིམ་སློབ་ཡོན་ཚན་པ་དང༌། གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པ་གཉིས་སུ་གཏན་འབེབས་གནང་ཡོད།

གཞི་རིམ་སློབ་ཡོན་དང་སློབ་འཇུག་ཚན་པའི་ལས་འགན་ནི།

  1. རྒྱ་བལ་འབྲུག་གསུམ་ས་གནས་ཁག་གི་ཉིན་སློབ་ནས་མཐའ་མའི་འཛིན་རིམ་ཐོན་མཁན་དང༌། ཧི་མ་ལ་ཡའི་ཁུལ་ནས་སློབ་འཇུག་ཞུ་མཁན་རྣམས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་ནང་སློབ་འཇུག་ཞུ་རྒྱུ།
  2. རོགས་རམ་ཐབས་འཚོལ། གཏན་སློབ་ནང་ཡོད་པའི་ཕྲུ་གུ་རྣམས་ལ་ཟས་གོས་གནས་མལ་གླ་དོད་དུས་ཐོག་གཏོང༌རྒྱུ།
  3. བོད་མིའི་སྒྲིག་འཛུགས་ནས་གཟིགས་རྟོགས་ནར་གཏོང་དགོས་པའི་ཉམ་ཐག་ཕྲུ་གུ་དང་། སྲི་ཞུ་ལས་བྱེད། མཛད་གཙོ་རྣམ་པ། ས་གནས་རང་ཁོངས་ལས་བྱེད། དྭང་སློབ་འགོ་འཛིན། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ ཕྲུ་གུ་གསུམ་ཡན་ཡོད་པའི་ལས་གཞིའིི་ཁོངས་འཚུད་པའི་ཕྲུ་གུ་རྣམས་བོད་ཁྱིམ་གཉིས་དང་སམ་བྷོ་ཊ་བཅས་ནང་སྒྲིག་དོན་རྒྱན་རྒྱག་སློབ་འཇུག་ཞུ་རྒྱུ།
  4. རོགས་རམ་ཁོངས་སུ་ཡོད་པའི་སློབ་ཕྲུག་རྣམས་ཀྱི་སྦྱིན་བདག་དང་། རོགས་ཚོགས་ཁག་ལ་འབྲེལ་སྐྱོང་ཞུ་རྒྱུ།
  5. གཏན་ཉིན་སློབ་གྲྭ་ཁག་དང་ས་གནས་འགོ་འཛིན་རྣམ་པར་སློབ་འཇུག་གསལ་བསྒྲགས་དང་ཡིག་འབྲེལ།
  6. ཀྲུ་ཀྲིང་ཕྲུ་གུ་དང་ཉམ་ཐག་ཕྲུ་གུ་གཏན་སློབ་ཁག་ནང་ཡོད་པ་རྣམས་ལ་ཕ་མ་ཐུག་འཕྲད་བསྐྱོད་རྒྱུར་དམིགས་བསལ་ལམ་གྲོན་དང་ལག་དངུལ་བགོ་འགྲེམས་ཞུ་རྒྱུ།
  7. ཉིན་སློབ་བསྐྱོད་མུས་ཉམ་ཐག་ཨང་ཐོབ་གྱི་ཕྲུ་གུ སྲི་ཞུ་ལས་བྱེད་པའི་ཕྲུ་གུ སམ་བྷོ་ཊ་ཁྱབ་ཁོངས་གཏན་འཇགས་དགེ་ལས་རྣམ་པའི་ཕྲུ་གུ་ ཕྲུ་གུ་གསུམ་ཡན་བཅས་ལ་སློབ་དོད་གནང་རྒྱུ།
  8. གཏན་སློབ་ནང་ཡོད་ཉམ་ཐག་ཕྲུ་གུ་སློབ་ཡོན་འབུལ་རྒྱུ་དཀའ་ངལ་ཡོད་སྐོར་ས་གནས་འགོ་འཛིན་ནས་རྒྱབ་གཉེར་འབྱོར་རིགས་ལ་དམིགས་བསལ་ཆག་ཡང་འབུལ་རྒྱུ།
  9. ས་གནས་འགོ་འཛིན་ཁག་ནས་དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག་ཉམ་ཐག་དཀའ་ངལ་ཅན་གྱི་ཕྲུ་གུར་སློབ་འཇུག་སྐོར་རྒྱབ་གཉེར་འབྱོར་རིགས་ལ་ཞིབ་འཇུག་དང་འབྲེལ་འོས་ངེས་ལ་བོད་ཁྱིམ་གཉིས་ལ་རྒྱབ་གཉེར་ཞུ་རྒྱུ།

མཐོ་རིམ་སློབ་ཡོན་ཚན་པའི་ལས་འགན་གཙོ་བོ་ནི།

  1. རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་ཕྲུག་སློབ་གྲྭ་ཐོན་རྗེས་མཐོ་རིམ་སློབ་སྦྱོང་མཇུག་སྐྱོང་སླད་དཔལ་འབྱོར་དཀའ་ངལ་ཡོད་རིགས་ལ་མཐོ་སློབ་སློབ་ཡོན་འབུལ་རྒྱུ།
  2. རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་གཞུང་བཅས་ནས་སྨན་པ་ MBBS དང་བཟོ་སྐྲུན་ Engineering སློབ་ཚན་གྱི་ཟུར་བཅད་ཞབས་སྟེགས་ཆེད་སྨན་པའི་འཚུད་རྒྱུགས་ AIPMT དང༌བཟོ་སྐྲུན་གྱི་འཚུད་རྒྱུགས་ JEE  གཞན་ཡང་ཀ་ན་ཊ་ཀ་མངའ་གཞུང་ཆེད་ལས་ CET ས་མིག་ཁག་བེད་སྤྱོད་ཐུབ་སླད་སྦེང་ལོར་དང་སིམ་ལ་གཉིས་སུ་དམིགས་བསལ་དུས་ཐུང་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུ།
  3. ལོ་ལྟར་མཐོ་རིམ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ།
  4. མཐོ་རིམ་སློབ་ཡོན་ཚོགས་ཆུང་ཆེད་སྐོང་གིས་སློབ་མ་འདེམས་སྒྲུག་བྱ་སྒོ།
  5. མཐོ་རིམ་སློབ་ཡོན་གྱི་སྒྲིག་གཞི་བསྐྱར་བཅོས་དགོས་གལ་ནམ་བྱུང་བཀའ་ཤག་བརྒྱུད་འཆར་འབུལ་ཞུ་རྒྱུ།
  6. འདེམས་སྒྲུག་ཟིན་པའི་སློབ་མ་ཚོར་སློབ་ཡོན་བགོ་འགྲེམས་དང་འབྲེལ་སྐྱོང་ཞུ་རྒྱུ།
  7. སློབ་ཡོན་ཆེད་ཚོགས་སྒེར་རོགས་ཚོགས་ཁག་ལ་རོགས་རམ་འབོད་སྐུལ་ཐབས་འཚོལ་ཞུ་རྒྱུ་དང་། འབྲེལ་སྐྱོང་ཞུ་རྒྱུ།
  8. གཞན་ཡང་རྒྱ་གར་མཐོ་སློབ་ཁག་ནས་བོད་ཕྲུག་རྣམས་ལ་དམིགས་བསལ་ས་མིག་འབུལ་འབྱོར་བྱུང་མཚམས་གསལ་བསྒྲགས་ཞུ་རྒྱུ།
  9. ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཐོ་རིམ་སློབ་སྦྱོང་དུ་གཏོང་རྒྱུའི་གོ་སྐབས་ཇི་བྱུང་རྒྱ་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་མི་འགྲོ་འདེམས་སྒྲུག་དང་འབྲེལ་བའི་ལས་དོན་ཞུ་སྒོ་ཁག་འགན་འཁུར་ཞུ་རྒྱུ།

ཤེས་རིག་སློབ་ཡོན་འཆར་གཞི་གསར་པ།
ཤེས་རིག་མཐོ་སློབ་སློབ་ཡོན་གྱི་སྒྲིག་གཞི།
སློབ་ཡོན་གྱི་དངུལ་འབོར་ཚད་གཞི།